དེ་བཟུམ་སྦེ་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་བྱུང་མིའི་དོན་ལུ་ འབྲུག་གིས་ རུ་པི་དུང་ཕྱུར་༤ བསྐྱིན་འགྲུལ་ལེན་ནི་སྦེ་ ཞུ་བ་འབད་མི་དེ་ཡང་ འཕྲལ་མགྱོགས་བྱིན་ནི་ཨིནམ་མ་ཚད་ ད་རེས་ མཇུག་བསྡུ་རན་ཁར་ལྷོད་མི་ འཆར་གཞི་༡༠ པའི་དོན་ལུ་ རྒྱ་གར་གཞུང་ལས་ གྲོགས་རམ་མ་དངུལ་ ལྷག་ལུས་དངུལ་ཀྲམ་དུང་ཕྱུར་༥.༧ དེ་ཅིག་ཡོད་མི་དེ་ཡང་ ད་རེས་ནངས་པ་ར་ བྱིན་ནི་སྦེ་ ཁ་བཟེད་ནུག།
འཆར་གཞི་༡༠ པའི་དོན་ལུ་ རྒྱ་གར་གཞུང་གིས་ མ་དངུལ་གྱི་གྲོགས་རམ་ དངུལ་ཀྲམ་དུང་ཕྱུར་༣༤ བྱིན་ནི་སྦེ་ ཁས་ལེན་འབད་མིའི་ཐོག་ལས་ ད་ཚུན་གྱི་རིང་ དངུལ་ཀྲམ་དུང་ཕྱུར་༢༨.༢ ཐོབ་ཡོདཔ་ཨིན་པས།
འཆར་གཞི་༡༠ པ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་བྱོན་ཞིནམ་ལས་དང་ དམངས་གཙོའི་གཞུང་དང་པའི་ འཆར་ལོ་དང་པ་ཨིནམ་ད་ དུས་ཅི་ སྤྱི་ཟླ་༣ པ་དེ་ཅིག་ནང་ མཇུག་བསྡུ་ནི་ཨིན་པས།
ཕྱི་འབྲེལ་བློན་པོའི་ངོ་ཚབ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཕྱི་འབྲེལ་བློན་པོ་གིས་ རྒྱ་གར་དང་ རྒྱལ་ཁབ་༣ པ་ཚུ་ནང་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ ཅ་དམ་ས་ཁོངས་༡༡ ཐེབས་བཙུགས་ནི་སྦེ་ ཁ་བཟེད་ཡོདཔ་མ་ཚད་ འབྲུག་གིས་ ཐོབ་བརྗོད་བཀོད་མི་ སྤྱི་ལོ་༢༠༡༠ དང་༢༠༡༡ འི་ ནང་ཁྲལ་དངུལ་ཀྲམ་ དུང་ཕྱུར་༣ དེ་ཅིག་ ཡོད་མིའི་སྐོར་ལས་ཡང་ དབྱེ་ཞིབ་འབད་དེ་ ལོག་སྤྲོད་ནི་སྦེ་ ཁས་ལེན་འབད་ཡི་ཟེར་ཨིན་པས།
བློན་པོ་མཁའ་འགྲོ་དབང་ཕྱུག་གིས་ བཤད་མིའི་ནང་ ཅ་དམ་ས་ཁོངས་ཐེབས་༡༡ གཞི་བཙུགས་འབད་ནི་ཨིན་མིའི་གྲས་ལས་༤ གཏན་འཇགས་ཀྱི་དོན་ལུ་དང་ གཞན་མི་ཚུ་ དུས་ཚོད་དང་བསྟུན་པའི་ ས་ཁོངས་སྦེ་ གཞི་བཙུགས་འབད་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱ་འབྲུག་༢ ཀྱི་བར་ན་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ཐད་ཁར་ ཁྲལ་ཁག་༢ རེ་ བཏབ་མ་དགོཔ་སྦེ་ བཟོ་ནིའི་སྐོར་ལས་ཡང་ གྲོས་འཆམ་བྱུང་ཡོདཔ་མ་ཚད་ འཆར་གཞི་༡༡ པའི་དོན་ལུ་ཡང་ རྒྱ་གར་གཞུང་གིས་ གོང་འཕེལ་ལས་སྣ་ཚུ་གི་དོན་ལུ་ གྲོགས་རམ་ཚུ་ ཨ་རྟག་བཟུམ་སྦེ་ འཕྲོ་མཐུད་དེ་ར་ གནང་ནིའི་དོན་ལུ་ གྲོགས་རམ་འཆར་གཞི་ཅིག་ བཟོ་གནང་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
དེ་དང་གཅིག་ཁར་ རྒྱལ་ཁབ་ནང་ ད་རུང་ གློག་མེ་འཕྲུལ་ཁང་གསརཔ་༦ དེ་ཅིག་ བཟོ་སྐྲུན་འབད་ནི་ཨིན་མི་ཚུ་ཡང་ འཕྲལ་མགྱོགས་ར་ འགོ་བཙུགས་ནིའི་དོན་ལུ་ རྒྱ་གར་གཞུང་གིས་ ཚ་ངེར་བཏོན་དགོཔ་སྦེ་ ཞུ་བ་འབད་མི་དང་འཁྲིལ་ དུས་ཅིའི་ ལོ་ཕྱེད་དེ་ཅིག་ལས་ གློག་མེ་འཕྲུལ་ཁང་ཚུ་ འགོ་བཙུགས་ནི་ཨིན་ཟེར་ བློན་པོ་མཁའ་འགྲོ་དབང་ཕྱུག་གིས་གསུངས་ཡོདཔ་ཨིན་པས།
བསྟན་རྒྱས་བློན་པོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ རྒྱ་འབྲུག་༢ ཀྱི་བར་ནའི་ མཐུན་ལམ་དེ་ གཙོ་བོ་ར་ གོང་འཕེལ་གྱི་ལས་སྣ་ཚུ་ནང་ གྲོགས་རམ་འབད་མི་ལུ་བརྟེན་ཏེ་ གནས་ཡོདཔ་ལས་ ད་ལས་ཕར་ ཐབས་ལམ་གསརཔ་ རྒྱལ་ཁབ་༢ ཀྱི་ ཚོང་པ་ཚུ་གིས་ མཉམ་འབྲེལ་གྱི་ཚོང་ལཱ་ཚུ་ འགོ་བཙུགས་བཙུགས་ནིའི་དོན་ལུ་ ཁ་སླབ་ཅི་ཟེར་ཨིན་པས།
སྤྱི་ཟླ་༡ པའི་ཚེས་༡༤ ལུ་ འབྲུག་ལུ་ ལྟ་སྐོར་ནང་འོང་མི་ ཕྱི་འབྲེལ་བློན་པོ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་ དེ་ལས་ ཕྱི་འབྲེལ་བློན་པོའི་ངོ་ཚབ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་དང་ མཇལ་ཕྲད་གནང་ཡོདཔ་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།
No comments:
Post a Comment