གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསར་སྤང་གི་བུཚ་ བཙན་ཁྲིད་འབད་མི་༢ བསད་ཡོདཔ།

༡༧/༡/༢༠༡༣    ༉ རྒྱ་གར་གྱི་ས་མཚམས་མངའ་སྡེ་ ཨ་སམ་ཀོ་ཀ་ར་ཇར་རྫོང་ཁག་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ཟླ་༡ པའི་ཚེས་༤ ལུ་ གསར་སྤང་ཁྲོམ་ལས་ སྐྱེས་ལོ་༡༨ ལང་མི་བུཚ་དེ་ བཙན་ཁྲིད་འབད་མིའི་ནང་ འབྲེལ་གཏོགས་ཡོད་མི་༢ སྤྱི་ཚེས་༡༤ ལུ་ ཁྲིམས་སྲུང་འགག་པ་ཚུ་དང་ གདོང་ཐུག་འབད་བའི་སྐབས་ལུ་ བསད་ད་ཡི་ཟེར་ཨིན་པས།


ཀོ་ཀ་ར་ཇར་ཁྲིམས་སྲུང་འགག་པའི་སྡེ་འཛིན་ སུ་ནིལ་ཀུ་མར་གྱིས་ སྐྱེས་ལོ་༢༥ དང་༣༠ གི་བར་ན་འབད་མི་ ཕོ་སྐྱེས་༢ བསད་མི་དེ་ ཨེན་ཌི་ཨེཕ་བི་ཟེར་མི་ ནེ་ཤ་ནཱལ་ ཌེ་མོ་ཀེ་རི་ཊིག་ ཕོ་རོནཊི་ ཨོཕ་ བོ་དོ་ལེནཌི་གི་ གཡིབ་དམག་སྡེ་ཚན་ཅིག་གི་ འཐུས་མི་ཨིན་པས་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་གཉིས་ ཨ་སམ་གྱི་གཡུས་ཚན་ ཨུལ་ཏ་པ་ནི་ལས་ ཀི་ལོ་མི་ཊར་༦ གི་ས་ཁར་ ནགས་ཚལ་ཅིག་ནང་ བསད་ད་ཡི་ཟེར་ཨིནམ་ད་ ཨུལ་ཏ་པ་ནི་གཡུས་ཚན་དེ་ གསར་སྤང་ཁྲོམ་ལས་ ཀི་ལོ་མི་ཊར་༡༢ དེ་ཅིག་ཡོདཔ་ཨིན་པས།
སྡེ་འཛིན་སུ་ནིལ་ཀུ་མར་གྱིས་ སླབ་མིའི་ནང་ བཙན་ཁྲིདཔ་ཚུ་གིས་ གསར་སྤང་གི་ བུཚ་དེ་གི་ ཉེ་ཚན་ཚུ་ལས་ སྲོག་རིན་མཁོ་འདོད་བཀོད་ནི་དང་ བཙན་འཕྲོག་འབད་ནིའི་དོན་ལུ་ ལག་ལེན་འཐབ་མི་ འགྲུལ་འཕྲིན་ཨང་གྲངས་དེ་ དམག་མི་དང་ ཁྲིམས་སྲུང་འགག་པ་ཚུ་གིས་ བདའ་ཟུན་ཏེ་ འགྲུལ་འཕྲིན་གྱི་ སིམ་ཀཱཌ་ལག་ལེན་འཐབ་བཞིན་དུ་ཡོད་མི་ ཕོ་སྐྱེས་༢ ཀྱི་ རྟིང་ཤུལ་བདའ་སོང་ཡི་ཟེར་ཨིན་པས།
འབྲུག་ལས་ མི་བཙན་ཁྲིད་འབད་མི་ཚུ་ནང་ འབྲེལ་གཏོགས་ཡོད་མི་ ཕོ་སྐྱེས་༣ འཛིན་བཟུང་འབད་དེ་ཡོད་རུང་ རྒྱལ་སྤྱི་ཉེས་ཅན་རྩིས་སྤྲོད་ཆིངས་ཡིག་ལུ་བརྟེན་ འབྲུག་གི་ཁྲིམས་སྲུང་འགག་པ་ལུ་ ཐད་ཀར་དུ་ རྩིས་སྤྲོད་འབད་མ་ཚུགས་པར་ཡོད་ཟེར་ སྡེ་འཛིན་སུ་ནིལ་ཀུ་མར་གྱིས་ སླབ་ཨིན་པས།
བོ་དོ་ལེནཌི་ས་ཁོངས་ཚོགས་སྡེའི་ སྤྱི་ཁྱབ་འོག་མ་ ཀམ་པ་ བོར་གོ་ཡ་རི་གིས་ སླབ་མིའི་ནང་ ཁོང་གིས་ འབྲུག་གི་ས་མཚམས་བདའ་སྟེ་ཡོད་མི་ གཡུས་ཚན་ཚུ་ནང་ གཡིབ་དམག་ཚུ་ གཡིབ་སྟེ་སྡོད་ཡོད་པའི་སྐོར་ ཤེས་རྟོགས་བྱུང་ཡོདཔ་ལས་ དམག་མི་དང་ ཁྲིམས་སྲུང་འགག་པ་ཚུ་གིས་ ཉེ་འདབས་ཀྱི་ གཡུས་ཚན་ཆ་མཉམ་ནང་ རྟོག་མེད་ཞིབ་དཔྱད་རྐྱབ་འོང་ཟེར་ཨིན་པས།
ང་བཅས་ཀྱིས་ གཡུས་ཚན་ཚུ་ནང་ རྟོག་མེད་ཞིབ་དཔྱད་ཐོག་ ཧང་བཅོམ་ཧྲིལ་བུམ་འབད་མ་ཚུགས་མི་དེ་ཡང་ བཙན་ཁྲིདཔ་ཚུ་གིས་ བུཚ་དེ་ བསད་འོང་ཟེར་ འདྲོག་འཇིགས་ཡོད་མི་ལུ་བརྟེན་ཨིན་ཟེར་ སྤྱི་ཁྱབ་འོག་མ་གིས་ བཤད་པའི་ཁར་ ད་ལས་ཕར་ ཁོང་གིས་ གཡིབ་དམག་གཞན་༤ པོ་དེ་ཡང་ འཚོལ་ཞིབ་འབད་འོང་ཟེར་ སླབ་ཨིན་པས།
ཀམ་པ་ བོར་གོ་ཡ་རི་གིས་ སླབ་མིའི་ནང་ བོ་དོ་ལེནཌ་ས་ཁོངས་ཚོགས་སྡེ་ལུ་ ས་མཚམས་བརྒལ་ཏེ་ ཁྲིམས་འགལ་འབད་མི་ཚུ་དང་ གདོང་ལེན་འབད་ནི་གི་ དོ་འགྲན་སྦོམ་ཤོས་ར་ ས་གནས་ཀྱི་ མི་སེར་ཚུ་ འདྲོག་སྣང་བྱུང་ནི་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནི་ལུ་ གཡང་ཟ་བསྐྱེད་མི་ལས་ བྱུངམ་མས་ཟེར་ཨིན་པས།
འདས་པའི་ཟླཝ་༤ གི་ནང་འཁོད་ལུ་ མི་༣ བཙན་ཁྲིད་འབད་བའི་ འཇིགས་སྣང་བྱུང་ཡོད་མི་ གསར་སྤང་ལུ་ སྡོད་མི་ཚུ་གིས་ སླབ་མིའི་ནང་ མི་བཙན་ཁྲིད་ཚུ་ གཡིབ་དམག་ཚུ་གིས་འབདཝ་ཨིན་ན་མེན་ན་ ཏན་ཏན་སྦེ་ སླབ་མི་ཚུགས་ཟེར་ཨིན་པས།
གསར་སྤང་ཊར་ལུ་སྡོད་མི་ ཞི་གཡོགཔ་བགྲེསཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཙན་ཁྲིད་འབད་མི་ མི་ངན་ཚུ་གིས་ བྱ་ངན་གྱི་ དམིགས་གཏད་འབད་མི་དང་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་ཐངས་ཚུ་ལུ་ ལྟ་བ་ཅིན་ ས་གནས་ཀྱི་ མི་ཚུ་དང་ ས་མཚམས་ཀྱི་ཕྱི་ཁར་སྡོད་མི་ མི་བཀྲ་མ་ཤིསཔ་ཚུ་ མགུ་མཐུད་དེ་ བྱ་ངན་བརྩམས་ཡོདཔ་བཟུམ་མའི་ མཐོང་སྣང་བྱུངམ་མས་ཟེར་ཨིན་པས།
ནང་སྲིད་ལྷན་ཁག་འོག་གི་ བཀའ་ཁྲིམས་བཀོད་འཛིན་གྱི་མདོ་ཆེན་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ ལྷན་ཁག་གིས་ ནིའུ་ལྡི་ལི་ལུ་བཞུགས་མི་ འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་སྟེ་ར་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་པའི་ ཁ་ཐུག་ལས་ཡང་ ཞིབ་དཔྱད་ཚུ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
དེ་མ་ཚད་ ང་བཅས་ཀྱིས་ རྒྱ་གར་ལུ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཞག་མི་ཚུ་ཡང་ འབྲུག་རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་འཁྲིལ་ ཉེས་བཤེར་འབད་ནིའི་དོན་ལུ་ ཚུར་ལེན་ནི་གི་ ཐབས་ཤེས་ཚུ་ཡང་ བཏོན་པའི་བསྒང་ཡོད་ཟེར་ བཀའ་ཁྲིམས་མདོ་ཆེན་གྱིས་ བཤདཔ་ཨིན་པས།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་འབད་བ་ཅིན་ རྒྱ་གར་གྱི་ འགོ་དཔོན་ཚུ་དང་གཅིག་ཁར་ ལྷན་ཁག་དང་ རྫོང་ཁག་ ས་གནས་ཀྱི་ གནས་རིམ་ནང་ གྲོས་བསྡུར་ཚུ་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ རྒྱ་འབྲུག་གི་ ས་མཚམས་ཚུ་ སྒོ་ཡངས་དྲགས་སྦེ་ཡོད་མི་ལུ་བརྟེན་ འདི་བཟུམ་མའི་ སྟབས་མ་བདེཝ་དང་ དཀའ་ངལ་ཚུ་ ཐོན་དོ་ཡོདཔ་ཨིན་རུང་ ནང་སྲིད་ལྷན་ཁག་གི་ ཁ་ཐུག་ལས་ དཀའ་ངལ་ཚུ་ སེལ་ཐབས་འབད་ནི་ལུ་ ཐབས་ཤེས་གང་དྲག་བཏོན་དོ་ཟེར་ ནང་སྲིད་བློན་པོ་གིས་ བཤདཔ་ཨིན་པས།
བུཚ་ཀི་རཱན་ཀུ་མར་ཆེ་ཏི་རི་དེ་ མི་ངན་ཚུ་གིས་ བཙན་ཁྲིད་འབད་དེ་ ཉིན་གྲངས་༩ གི་ཤུལ་ལས་ སྲོག་རིན་དངུལ་ཀྲམ་འབུམ་༥ ལེན་ཏེ་ ལོག་བཏང་ཡོདཔ་ཨིན་པས།
ཉེ་ཚན་གྱིས་ སྲོག་རིན་སྤྲོད་ནིའི་དོན་ལུ་ ཁོང་གི་སྣུམ་འཁོར་ཊི་པར་ཊཱག་ཅིག་ བཙོང་ནི་སྦེ་ ཐག་བཅད་ཡོདཔ་ད་ སྤྱི་ཟླ་༡ པའི་ཚེས་༡༢ ལུ་ བཙན་ཁྲིདཔ་ཚུ་གིས་ བུཚ་དེ་ ན་ཡོདཔ་ལས་ སྲོག་རིན་སྤྲོད་དེ་ རྩིས་ལེན་ཟེར་ འགྲུལ་འཕྲིན་བཏང་ཡོདཔ་ད་ ཁོང་གིས་ ང་བཅས་ལུ་ དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་དང་ ཡང་ཅིན་ སི་མ་ཤཱསི་ཏ་ར་བཱལ་ ཡང་ཅིན་ དམག་མི་ལུ་ སྙན་ཞུ་འབད་བ་ཅིན་ ཚགས་ཁར་མི་ཚུད་ཟེར་ ཉེན་བརྡ་བྱིན་དེས་ཟེར་ བུཚ་བདག་འཛིན་འཐབ་སྟེ་ སློབ་གྲྭ་ནང་བཙུགས་མི་ ན་བིན་ཀུ་མར་གྱིས་ སླབ་ཨིན་པས།
ཁོ་གིས་ བུཚ་ལེན་པར་ ཏི་རུ་དང་སྦྲགས་ ཁོ་གི་ཕོ་སྤུན་བཏང་ཡོད་པའི་གནས་ཚུལ།

No comments:

Post a Comment