གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་ལ་ལུ་ བསྐུལ་བསྒྲགས་འབད་བའི་བསྒང་དང་ ལ་ལུ་འོང་བའི་བསྒང་ཡོདཔ།

༡༧/༥/༢༠༡༣   ༉ འབྲུག་མཉམ་རུབ་ཚོགས་པའི་ ངང་ལམ་འདེམས་ངོ་ སྐྱེས་ལོ་༣༦ ལང་མི་ ཀརྨ་རྡོ་རྗེ་གིས་ དྲུང་ཁག་གི་ ས་གནས་མཐའ་ཟུར་ཅིག་ཨིན་མི་ ཡང་མ་ལ་སིང་ལུ་ དུས་ཡུན་ཆུ་ཚོད་༤ གི་རིང་ རྐང་ཐང་སྦེ་ སོང་ཡོདཔ་ཨིན་པས།
འདེམས་ངོ་ཀརྨ་རྡོ་རྗེ་གིས་ སྒོ་བཤལ་བསྐུལ་བསྒྲགས་འབད་བའི་བསྒང་།


དེ་སྦེ་ འགྱོ་དགོ་མི་དེ་ཡང་ སྒོ་བཤལ་བསྐུལ་བསྒྲགས་འབད་ནིའི་དོན་ལུ་ཨིནམ་ད་ ཁོ་གིས་ ཕྱི་རུ་ཁམས་ གཡུས་མི་ཚུ་ རང་སོའི་ལཱ་ས་ལས་ ལོག་ཁྱིམ་ནང་འོང་བའི་སྐབས་ འབྲེལ་བ་འཐབ་ཡོདཔ་ཨིན་པས།
འདེམས་ངོ་དེ་གིས་ མི་སེར་ཚུ་ལུ་ ཁོ་རའི་སྲིད་ཚོགས་དང་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ དེ་ལས་ ད་རེས་ ཚོགས་པའི་གནས་སྟངས་ ག་ཅི་བཟུམ་ཅིག་ནང་ཡོདཔ་ཨིན་ནའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
ཀརྨ་རྡོ་རྗེ་གིས་ འགྲུལ་འཕྲིན་ཐོག་ལས་ སླབ་དོ་བཟུམ་འབད་བ་ཅིན་ ཁྱིམ་ཁ་སྟོར་ཏེ་ཡོད་མི་ གཡུས་ཚན་ཚུ་ནང་ ཁྱིམ་རེ་རེ་བཞིན་དུ་སྦེ་ སྒོ་བཤལ་རྐྱབ་སྟེ་སོང་ཡོདཔ་ད་ ཁྱིམ་ཚུ་ ཧ་ལམ་ ཉེ་འདབས་ལས་ཕར་ ཡོད་མི་ཚུ་ནང་ ས་གནས་ཀྱི་ ཚོགས་པའི་འགོ་འདྲེན་པ་ཚུ་གིས་ མི་སེར་ཚུ་ འཛོམས་འདུའི་ནང་འབོ་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ མཁར་- གཡུ་རུང་འདེམས་ཁོངས་ཀྱི་འདེམས་ངོ་ ཌོག་ཊར་ སེང་གེ་རྣམ་རྒྱལ་གྱིས་ ཁ་ཙ་ རྫོང་ཁག་དང་ རྒེད་འོག་ནང་ཡོད་པའི་ སྲིད་ཚོགས་ཀྱི་ འགོ་འདྲེན་པ་ཚུ་གི་མིང་ཐོ་ཚུ་ མཐའ་བཅད་བཟོ་བའི་ཤུལ་ལུ་ ནང་འཁོད་མཉམ་འབྲེལ་ཞལ་འཛོམས་འཚོགས་ཏེ་ སྒོ་བཤལ་བསྐུལ་བསྒྲགས་འབད་ནིའི་དོན་ལུ་ ཕྱི་མོང་ཁ་ཐུག་ལུ་ སོང་ཡོདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ ན་ནོང་- ཤུ་མར་འདེམས་ཁོངས་ཀྱི་འདེམས་ངོ་ པདྨ་དབང་ཕྱུག་དེ་ ཁ་ཙ་ པདྨ་དགའ་ཚལ་ལུ་ལྷོད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ འདེམས་ཁོངས་ནང་ ག་ཅི་ར་ འབད་དོ་ཡོདཔ་ཨིན་ན་དང་ སྲིད་ཚོགས་ཀྱི་ འགོ་འདྲེན་པ་ཚུ་གིས་ ག་ཅི་ར་འབདཝ་ཨིན་ན་ བལྟ་ནིའི་དོན་ལུ་ འོང་འོངམ་ཨིན་ཟེར་ཨིན་པས།
སྐྱེས་ལོ་༣༣ ལང་མི་ འདེམས་ངོ་གིས་བཤད་མིའི་ནང་ ད་ལྟོ་ ཁོ་གིས་ སྲིད་ཚོགས་ཀྱི་འཐུས་མི་སྦེ་ ཐོ་བཀོད་འབད་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ལས་ བསྐུལ་བསྒྲགས་ཚུ་ ནངས་པ་ལས་ འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
ད་ལྟོ་ ཐིམ་ཕུ་ལས་ མོང་སྒར་ལུ་འོང་བའི་ ལམ་ཁར་ཡོད་པའི་ མི་སེར་དམངས་གཙོ་ཚོགས་པའི་ ན་ནོང་-ཤུ་མར་འདེམས་ཁོངས་ཀྱི་ འདེམས་ངོ་ འཇིགས་མེད་འབྲུག་པ་གིས་འབད་བ་ཅིན་ ཁོ་གིས་ བསྐུལ་བསྒྲགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་མ་འཐབ་པའི་ཧེ་མར་ ཁྲོམ་ཁར་སྡོད་མི་ མི་སེར་ཚུ་དང་ ཕྱད་ནི་ཨིན་ཟེར་ཨིན་པས།
སྐྱེས་ལོ་༤༤ ལང་མི་ འཇིགས་མེད་འབྲུག་པ་གིས་ ཁོ་ར་གིས་ངོ་ཤེས་མི་ ཚོགས་རྒྱན་བཙུགས་མི་ མང་ཤོས་ཅིག་ར་ ལམ་བདའ་སྟེ་ སྡོད་དོ་ཡོདཔ་ལས་ ཁོ་ར་ པདྨ་དགའ་ཚལ་ལུ་འོང་བའི་ལམ་ཁར་ ཁོང་ཆ་ཁྱབ་དང་ ཕྱད་ནི་ཨིན་ཟེར་ཨིན་པས།
དེ་དང་གཅིག་ཁར་ བསམ་གྲུབ་ལྗོངས་མཁར་གྱི་ འདེམས་ངོ་ཚུ་གིས་ཡང་ སྒོ་བཤལ་བསྐུལ་བསྒྲགས་ཀྱི་ དུས་སྟབས་བཟོ་ནིའི་དོན་ལུ་ རྫོང་ཁག་ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་ འགྱོ་དོ་ཡོདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ བདེ་བ་ཐང་- སྒོམ་དར་འདེམས་འཁོངས་ཀྱི་ འདེམས་ངོ་ སྐྱེས་ལོ་༢༧ ལང་མི་ ཤེས་རབ་ཆོས་སྒྲོན་གྱིས་ ད་ལྟོ་ ག་ཅི་ཡང་ སླབ་མ་ཚུགསཔ་ད་ དང་པ་ར་ ངོས་ལེན་འགོ་དང་གཅིག་ཁར་ ལཱ་ཚུ་ མཇུག་བསྡུ་ཐོག་ལས་ མོ་རའི་འདེམས་འཁོངས་ནང་ འགྱོ་ནི་ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་དེ་ ནངས་པ་ རྫོང་ཁག་ནང་ ལྷོད་ནི་དང་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཅིག་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་བཟུམ་སྦེ་ ཁོ་རའི་གཙོ་འཛིན་གྱིས་ པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ མི་འོང་ནི་བཟུམ་ཅིག་ ཡོད་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ སྲིད་ཚོགས་ཀྱི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་མོ་ར་ བཀྲིས་སྒང་གི་འདེམས་ཁོངས་དེ་ རྒྱ་ཆེ་དྲགས་ཡོདཔ་ལས་ དུས་ཚོད་མི་འཐོབ་ནི་ཨིན་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ སྤྱིར་བཏང་གྲོས་འཛོམས་དེ་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ ཨོ་རོང་དང་ ལའུ་རི་ལས་སྦེ་ འགོ་བཙུགས་ནི་དང་ པདྨ་དགའ་ཚལ་གྱི་ སྤྱིར་བཏང་གྲོས་འཛོམས་དེ་ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ ཆོས་འཁོར་གླིང་རྒེད་འོག་ལས་སྦེ་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment