གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུང་ལ་སྒང་རྒེད་འོག་གི་ མི་མང་གྲོས་འཛོམས་ལས་རིམ་ ད་རིས་མཇུག་བསྡུ་ཡོདཔ།

༡༧/༥/༢༠༡༣    ༉ ཁ་ཙ་ རྩི་རང་རྫོང་ཁག་ནང་ འདེམས་ཁོངས་༢ ཡོད་པའི་གྲས་ལས་ པ་ཏ་ལེ་ རྩི་རང་སྟོད་འདེམས་ཁོངས་ནང་ སྲིད་དོན་ཚོགས་པའི་ངོ་ཚབ་༤ གིས་ དུང་ལ་སྒང་རྒེད་འོག་གི་མི་སེར་ཚུ་ལུ་ ཁོང་རའི་སྲིད་དོན་ཚོགས་པ་ཚུ་ལུ་ རྒྱབ་སྐྱོར་འབད་དགོ་པའི་སྐོར་ལས་ གསལ་བཤད་ཚུ་འབད་ཡི།
གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ དུང་ལ་སྒང་གི་ མི་སེར་ཚུ།


གསལ་བཤད་ཚུ་གི་གྲས་ལས་ འགོ་དང་པ་ འབྲུག་ སྤྱིར་དབང་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༢༧ ལང་མི་ སངས་རྒྱས་ཏ་མང་གིས་ ཚོགས་པ་དང་ ཚོགས་པའི་སྲིད་འཛིན་གྱི་ རྒྱབ་ཁུངས་ཚུ་གི་སྐོར་ལས་ སླབ་པའི་ཤུལ་ལུ་ ཚོགས་པའི་དམིགས་ཡུལ་དང་ དམིགས་གཏད་གཙོ་བོ་ དཔལ་འབྱོར་གོང་འཕེལ་འདྲ་མཉམ་བཟོ་ནི་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ བདག་འཛིན་འབད་ནི་ གཞན་ཡང་ ཁོ་བཙག་འཐུ་འགྲུབ་པ་ཅིན་ དམངས་གཙོའི་ལམ་ལུགས་ ཡར་རྒྱས་གཏང་ནི་ ན་གཞོན་དང་འབྲེལ་བའི་དཀའ་ངལ་བསལ་ནི་ རང་མགོ་རང་འདྲོངས་བཟོ་ནི་ ཨམ་སྲུ་དབང་ཚད་ཅན་བཟོ་ནི་ དབང་པོ་སྐྱོན་ཅན་ཚུ་ལུ་ གྲོགས་རམ་འབད་ནི་ཟེར་ཨིན་པས།
དེ་མ་ཚད་ སྣུམ་འཁོར་ལམ་དང་ འཐུང་ཆུ་ཚུ་ ལེགས་བཅོས་འབད་ནི་དང་ སྔར་སྲོལ་ལམ་ལུགས་སྒྲིང་སྒྲིང་བཟོ་ནི་ རྒྱ་གར་གི་རུ་པི་མ་ལང་པའི་དཀའ་ངལ་བསལ་ནིའི་ ཁས་བླངས་ཡོད་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་དེ་ གདམ་ཁ་འགྲུབ་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ ལུས་ངག་ཡིད་གསུམ་གྱི་སྒོ་ལས་ ཁས་བླངས་ འགྲུབ་ནི་ཨིན་ཟེར་ རྒེད་འོག་ལྟེ་བ་ནང་འཛོམས་མི་༡༣༠ ལྷགཔ་ཅིག་ལུ་ སངས་རྒྱས་ཏ་མང་གིས་ སླབ་ཅི།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༤༦ ལང་མི་ ཅ་ཏ་ར་མཱན་ ཆེ་ཏི་རི་གིས་འབད་བ་ཅིན་ སྲིད་དོན་ཚོགས་པ་དེ་ མི་ཉམ་ཆུང་ཚུ་གིས་ གཞི་བཙུགས་འབད་དོ་ཡོདཔ་ལས་ གཞུང་དེ་ མི་དབང་ཚད་ཅན་དང་ རྒྱུ་སྟོབས་ཅན་གྱི་ ལག་པར་མེན་པར་ མི་སེར་གྱི་ལག་པར་ བཞག་ཚུགས་པའི་གཞུང་སྐྱོང་མི་ ཚོགས་པ་གདམ་འཐུ་འབད་གནང་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཚོགས་པ་དེ་ བཙག་འཐུ་༢ གྲུབ་པ་ཅིན་ མི་ཉམ་ཆུང་ཕུད་རྡོག་གཅིག་ཡང་ བཀོག་མ་བཞག་པར་ སྐྱིད་སྡུག་བལྟ་ཚུགས་ཟེར་ཨིན་པས།
ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཚུ་གི་གྲས་ལས་ ན་གཞོན་དང་འབྲེལ་བའི་ དཀའ་ངལ་བསལ་ནིའི་དོན་ལུ་ སྨན་གཡོགམ་ཚུ་གི་དོན་ལུ་ ཕྱི་རྒྱལ་ཨ་མེ་རི་ཀ་ལུ་ ལཱ་གཡོག་གི་གོ་སྐབས་བཟོ་ནི་ རུ་པི་དཀའ་ངལ་བསལ་ནི་ གློག་མེ་ཡུ་ནིཊི་༡༠༠ རེ་ རིན་མེད་སྟོངམ་སྦེ་བཀྲམ་སྤེལ་འབད་ནི་ སོ་ནམ་ཐོན་སྐྱེད་བཞག་སའི་མཛོད་ཁང་གཞི་བཙུགས་འབད་ནི་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གི་ ཐོབ་ལམ་ཡར་སེང་འབད་ནི་ཚུ་ཨིན་པས།
གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ ཕྱག་ཞུ་ནིའི་ཁས་བླངས་ཕུལ་དོ་ཡོདཔ་ལས་ ཚོགས་པ་དེ་ གདམ་ཁ་འབད་གནང་ཟེར་ ཅ་ཏ་ར་མཱན་གྱིས་ སླབ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༤༦ ལང་མི་ ཨུ་དའི་ཅན་དར་བྷན་ཌ་རི་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ སྲིད་དོན་ཚོགས་པ་དེ་ གདམ་ཁ་རྐྱབ་ད་ འགོ་དང་པ་ གཞུང་སྐྱོང་ནིའི་ལྕོགས་གྲུབ་ཡོད་མི་ སྲིད་ཚོགས་ཀྱི་གཙོ་འཛིན་ལུ་ ཡོན་ཏན་དང་ ལྕོགས་གྲུབ་ དེ་ལས་ ཉམས་མྱོང་ཚུ་བལྟ་སྟེ་ ཚོགས་རྒྱན་བཙུགས་དགོཔ་ཁག་ཆེ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་པའི་སྲིད་འཛིན་དེ་ འབྲུག་གི་དམངས་གཙོའི་གཞུང་གི་ བློན་ཆེན་དང་པ་ཨིནམ་མ་ཚད་ ཞི་གཡོག་ནང་ ལོ་༤༠ དེ་ཅིག་ ཕྱག་ཞུ་བའི་ཉམས་མྱོང་ཡོདཔ་མ་ཚད་ ཚོགས་པ་དང་ བློན་པོ་བགྲེསཔ་ཚུ་ཡང་ སྒྲིང་སྒྲིང་ཡོད་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ འདས་པའི་ལོ་༥ འི་རིང་ལུ་ འཁོར་ལམ་དང་ གློག་མེ་ འགྲུལ་འཕྲིན་ འཐུང་ཆུ་ཚུ་ བཏོན་ཡོདཔ་མ་ཚད་ ཧེ་མ་སྒོ་བསྡམས་ཡོད་པའི་སློབ་གྲྭ་ཚུ་ཡང་ ལོག་སྒོ་ཕྱེ་ཡོད་པའི་ཁར་ ཁྲིམས་སྲུང་ཉོགས་མེད་ལག་ཁྱེར་ཡང་ དུས་ཐོག་ལུ་ གློག་རིག་ནང་ལས་ ཐོབ་ཚུགསཔ་བཟོ་ཡོད་མི་དེ་ ག་ར་གིས་ མཐོང་ས་ཨིནམ་མ་ཚད་ མི་རྩིས་ཀྱི་གནད་དོན་གྱི་ཐད་ལུ་ཡང་ གཞུང་གིས་ ཞིབ་དཔྱད་མཐིལ་ཕྱིན་གནང་པའི་ཤུལ་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ ཞབས་སར་ཕུལ་ཏེ་ ཡོད་ཟེར་ཨིན་པས།
ཚོགས་པ་དེ་ གལ་སྲིད་བཙག་འཐུ་འགྲུབ་ཚུགས་པ་ཅིན་ ཁོར་ལམ་ཚུ་ རྒེད་འོག་ལྟེ་བ་ཚུན་ རྩི་ནག་གཏང་ནི་དང་ དབུལ་ཕོངས་ཀྱི་དཀའ་ངལ་ ཧེ་མ་བརྒྱ་ཆ་༢༣ ལས་༡༢ ལུ་མར་ཕབ་འབད་མི་དེ་ བརྒྱ་ཆ་༥ ལུ་ མར་ཕབ་འབད་ནི་དང་ ལཱ་གཡོག་མ་འཐོབ་པའི་དཀའ་ངལ་ བརྒྱ་ཆ་༢.༡ ལས་ རྩ་མེད་བཟོ་ནི་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་གྱི་ བར་ན་ རེ་ལི་གི་ ལམ་གཏོན་ནིའི་ ཁས་བླངས་ཚུ་ཡོད་ཟེར་ཨིན་པས།
རྒྱལ་ཁབ་ཕུན་སུམ་ཚོགས་ཏོག་ཏོ་འགྱོ་ནིའི་དོན་ལུ་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་གནང་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༢༧ ལང་མི་ ནོ་བཱིན་དར་ལ་མི་གིས་ སླབ་མིའི་ནང་ ཚོགས་པའི་ལྟ་བ་ངོ་མ་ མི་དབང་འབྲུག་རྒྱལ་༤ པ་ མཆོག་གིས་གནང་མི་ དབང་ཚད་ཕྱིར་སྤེལ་གྱི་ལམ་ལུགས་ སྒྲིང་སྒྲིང་བཟོ་ནི་དེ་ ཨིན་ཟེར་ཨིན་པས།
དབང་ཚད་ཕྱིར་སྤེལ་ལུ་ བདག་སྐྱོང་དང་ དཔལ་འབྱོར་ མི་སྡེའི་དབང་ཚད་ཕྱིར་སྤེལ་ཚུ་ མི་སེར་གྱི་ལག་པར་ལྷོད་དགོ་ཟེར་ཨིནམ་ད་ གལ་སྲིད་ ཚོགས་པ་དེ་ བཙག་འཐུ་འགྲུབ་པ་ཅིན་ རྒེད་འོག་རེ་རེའི་ནང་ གནང་བྱིན་མ་དངུལ་འབུམ་༢༠ རེ་བྱིན་ནི་དང་ འཁོར་ལམ་ཚུ་ རྒེད་འོག་ལྟེ་བ་ཚུན་ རྩི་ནག་གཏང་ནི་ མི་སེར་སོ་ནམ་པ་ཚུ་ལུ་ འཕྲུལ་གླང་ཚུ་ གོང་ཚད་ཕབ་ཆག་ཐོག་ལུ་བྱིན་ནི་ རང་བཞིན་རྐྱེན་ངན་གྱི་སྐབས་ལུ་ གློ་བུར་གྱི་ཞབས་ཏོག་བྱིན་ནིའི་དོན་ལུ་ རྒྱལ་ཁབ་ནང་ ཧེ་ལི་ཀོབ་ཊར་༢ ལེན་ནི་ ས་གནས་གཞུང་གི་ ཐོབ་ལམ་ཡར་དྲག་གཏང་ནི་ ན་གཞོན་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ བསལ་ནིའི་ཁས་བླངས་ཚུ་ འབད་ཡོདཔ་ཨིན་པས།
འདེམས་ཁོངས་ཀྱི་ སྤྱིར་བཏང་གྲོས་འཛོམས་ལས་རིམ་འདི་ ད་རིས་ སྒོ་སར་གླིང་རྒེད་འོག་ནང་ལས་ མཇུག་བསྡུ་ནི་ཨིནམ་ད་ འདེམས་ཁོངས་༢ ཡོད་པའི་གྲས་ལས་ དཀྱིལ་འཁོར་ཐང་ མན་ཌལ་སྒང་རྒེད་འོག་ནང་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment