གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློ་གསར་སློབ་ཁང་ཚུ་ནང་ དྲོད་ལྡན་གྱི་གདན་ཚུ་ འཐིང་ཡོདཔ།

སློབ་ཕྲུག་ཨ་ལུ་ཚུ་ དྲོད་ལྡན་གྱི་གདན་གུ་སྡོད་དེ་ དཔེ་ཆ་ལྷབ་པའི་བསྒང་།
༠༢/༠༥/༢༠༡༣ ༉ ད་རེས་ནངས་པ་ ཐིམ་ལུ་ ལྕང་ཟམ་ཏོག་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ལྟེ་བའི་ ས་ཁོངས་ནང་ཡོད་པའི་ ཟིལ་གནོན་རྣམ་རྒྱལ་གླིང་ སློབ་གྲྭ་ཆུང་བའི་ནང་ འགྱོ་ལྟ་བ་ཅིན་ བློ་གསར་སློབ་ཁང་ཚུ་གི་ཕྱི་ཁར་ གྱང་རྩིག་གུ་ ཨང་ཡིག་བྲིས་བཞག་མི་དང་འཁྲིལ་ ཨ་ལུ་ཆུང་ཀུ་ཚུ་གི་ སྒྲིག་ལམ་ལྷམ་གནགཔོ་ཚུ་ གྱལ་སྒྲིག་ཐོག་ལས་ བཞག་ཡོདཔ་ མཐོངམ་ཨིན་པས།


མ་གཞི་ མཐོང་སྣང་དེ་ལུ་ལྟ་བ་ཅིག་ སློབ་གྲྭ་གཞན་ཚུ་ནང་དང་ མ་འདྲཝ་ཅིག་སྦེ་ར་ མཐོང་གསལ་བྱུང་དོ་ཡོདཔ་ལས་ སློབ་གྲྭ་དེ་ནང་ འགྱོ་མི་ཚུ་གིས་ ག་ཅི་འབདཝ་ཨིན་ན་ཟེར་ མནོ་བསམ་ཡང་ བཏངམ་ཨིན་པས།
སློབ་ཁང་གི་ སྒོ་ཁར་སོང་སྟེ་ ནང་ན་ལྟ་བ་ཅིན་ ཨ་ལུ་ཚུ་གིས་ ཨོམ་སྲོ་རྐྱངམ་གཅིག་བཙུགས་ཐོག་ལས་ དྲོད་ལྡན་གྱི་ གདན་ལྗང་ཁུ་ཚུ་གི་ཐོག་ཁར་
ཕྱེད་ཉལ་ཀྲག་སྟེ་ དཔེ་ཆ་འབྲི་ས་ མཐོངམ་ཨིན་པས།
སློབ་ཁང་དེ་ནང་ འཛུལ་བལྟ་བ་ཅིན་ གདན་ཚུ་ ག་ནི་བ་ བདེ་ཏོག་ཏོ་དང་ དྲོ་ཏོག་ཏོ་སྦེ་ ཚོར་དོ་ཡོདཔ་ད་ གདན་གྱི་བཀྱག་མདངས་ཀྱིས་སྦེ་ སློབ་ཁང་ཚུ་ཡང་ ཁམས་དྭངས་ཏོག་ཏོ་སྦེ་ མཐོངམ་ཨིན་པས།
གདན་ཚུ་ བློ་གསར་སློབ་ཁང་༣ ནང་ འཐིང་ཡོདཔ་ད་ དེ་ཡང་ ད་རེས་ནངས་པ་ སློབ་གྲྭ་དེ་ནང་ ཁས་བླངས་ཐོག་ལས་ ཨིང་ལིཤི་ཆོས་ཚན་ སློབ་སྟོན་འབད་མི་ ཌོག་ཊར་ ངའི་རེ་ ཝ་ནར་གྱིས་ འགོ་འདྲེན་ཐོག་ལས་ བཙུགས་ཡོདཔ་ཨིན་པས།
ཌོག་ཊར་ཨམ་སྲུ་དེ་གི་རྨགཔ་དེ་ ཝ་ཤིང་ཊོན་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ རྒྱལ་སྤྱི་གསོ་བའི་ཁས་བླངས་ཚོགས་སྡེ་ལས་ ད་རེས་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཁས་བླངས་ཐོག་ལུ་ ལཱ་འབད་མི་ ཌོག་ཊར་ཅིག་ཨིན་པས།
མོ་ར་ སློབ་གྲྭ་དེ་ནང་ ཁས་བླངས་པའི་ ལཱ་འབད་དགོ་མི་དེ་ཡང་ ཁས་བླངས་ལས་སྡེ་ནང་ལས་ སྐོར་རྒྱབ་ཐོག་ ཐིམ་ཕུ་སྨན་ཁང་ནང་ ཁས་བླངས་ཀྱི་ ལཱ་འབད་བར་འོང་མི་ ཌོག་ཊར་ཚུ་གི་ གནས་ཚང་ཚུ་གིས་ སློབ་གྲྭ་དེ་ནང་ ཁས་བླངས་སློབ་དཔོན་སྦེ་ ལཱ་འབད་སྲོལ་ཡོད་མི་དང་ འཁྲིལ་ཏེ་ཨིན་པས།
གདན་ལྗང་ཁུ་ཚུ་གི་འོག་ལུ་ དྲོད་ལྡན་གྱི་གདན་གནགཔོ་ཚུ་ འཐིང་ཡོདཔ་ད་ གདན་ཚུ་ཡང་ སློབ་ཁང་༣ ནང་ འཐིང་ཡོདཔ་ལས་ ཌོག་ཊར་ངའི་རེ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སློབ་ཁང་ནང་ རྩི་སའི་འཐིང་གཞི་ ཧོ་ཀ་ཐོན་ཏེ་ རྐང་ཁྲི་དང་ སྡོད་ཁྲི་ དཀྱུས་རིངམོ་འབད་མི་ཚུ་ སྤརཝ་སྤར་ས་ར་ སྡོད་དོ་ཡོདཔ་ལས་ སྐྱེས་ལོ་༥ ལས་༦ རེ་འབད་མི་ཨ་ལུ་ཚུ་ གྱང་དོ་ཡོདཔ་མ་ཚད་ དཔེ་ཆ་ལྷབ་སྦྱང་འབད་ནི་ལུ་ དཀའ་ངལ་སྦོམ་བྱུང་སྟེ་ སྡོད་ནུག་ཟེར་ཨིན་པས།
ད་རེས་ མོ་གིས་ རྐང་ཁྲི་དང་ སྡོད་ཁྲི་ཚུ་བསྡུ་སྟེ་ གདན་འཐིང་མི་དེ་ གྲོགས་རམ་གྱི་ལས་འགུལ་ ཆུང་ཀུ་ཅིག་འབད་རུང་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ལཱ་དེ་ མ་འབད་བའི་ཧེ་མར་ མོ་གིས་ བློ་གསར་སློབ་སྡེའི་ སློབ་དཔོན་ཚུ་དང་གཅིག་ཁར་ སློབ་ཁང་ཚུ་ གོང་འཕེལ་གཏང་ཐབས་ལུ་ ལཱ་ག་ཅི་བཟུམ་ར་ འབད་དགོཔ་ཡོདཔ་ཨིན་ནའི་སྐོར་ལས་ ལོ་རྒྱུས་སླབ་ད་ མང་ཤོས་ཅིག་གིས་ གདན་ཚུ་འཐིང་ནི་ལུ་ གཙོ་རིམ་བྱིན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
སློབ་ཁང་ཚུ་ནང་ འཐིང་ནིའི་གདན་ཚུ་ ཉོ་ནིའི་དོན་ལུ་ མོ་གིས་ བཟའ་ཚང་དང་ ཆ་རོགས་ཚུ་ལས་ གྲོགས་རམ་ལེན་ཡོདཔ་ད་ གདན་འཐིང་མི་གིས་མ་ཚད་ སློབ་ཁང་༣ ཆ་རའི་ནང་ ཨ་ལུ་ཚུ་ཧེང་ཐོག་ལས་ དཔེ་ཆ་ལྷབ་ནིའི་དོན་ལུ་ ཀུ་ཤཱན་སྦོམ་༤ རེ་ མཁོ་སྒྲུབ་འབད་དེ་ བཙུགས་ཡོདཔ་ཨིན་པས།
ཨ་ལུ་ཚུ་གིས་ རང་སོའི་སློབ་ཁང་གི་སྦྱོང་ལཱ་ཚུ་ མཇུག་བསྡུ་བའི་ཤུལ་ལུ་ སློབ་ཁང་གི་ཟུར་ཁ་བཞག་མི་ ཀུ་ཤཱན་ཚུ་ ལག་ལེན་འཐབ་ཐོག་ལས་ དཔེ་ཆ་ལྷབ་ཨིན་པས།
ངའི་རེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་འགུལ་དེ་ མཐར་འཁྱོལ་ཅན་ བཟོ་ནིའི་དོན་ལུ་ ཐིམ་ཕུ་ལུ་ཡོད་པའི་ ཚོང་པ་༢ དེ་ཅིག་གིས་ ཅ་ཆས་ཀྱི་གོང་ཚད་ མར་ཕབ་ཐོག་བྱིན་ཏེ་ གྲོགས་རམ་འབད་དེ་ཡོད་ཟེར་ཨིན་པས།
སློབ་གྲྭ་དེ་ སྤྱི་༡༩༩༥ ལུ་ ལྕང་ཟམ་ཏོག་ འབྲིང་རིམ་སློབ་གྲྭ་བར་མའི་ རྒྱ་བསྐྱེད་སློབ་ཁང་སྦེ་ གཞི་བཙུགས་འབད་ཡོདཔ་ད་ སློབ་དཔོན་ཅིག་གིས་འབད་བ་ཅིན་ སློབ་གྲྭ་དེ་ གཞི་བཙུགས་འབད་བའི་སྐབས་ སློབ་ཁང་ཚུ་ཡང་ སྦ་སྒོར་ཨིན་ཟེར་ཨིན་པས།

ཨིན་རུང་ དེ་གི་ཤུལ་ལས་ སློབ་གྲྭ་དེ་ནང་ སློབ་ཕྲུག་གི་གྱངས་ཁ་ཚུ་ ཡར་སེང་སོང་ཡོདཔ་ད་ ད་རེས་ སློབ་གྲྭ་དེ་ནང་ སློབ་དཔོན་༣༥ དེ་ཅིག་དང་ བློ་གསར་སློབ་རིམ་ལས་འགོ་བཙུགས་ སློབ་རིམ་༦ པ་ཚུན་འབད་མི་ སློབ་ཕྲུག་༨༣༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།
                                                                       ཉི་མ་དབང་འདུས།

No comments:

Post a Comment