གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དེང་སང་ལུགས་ཀྱི་རྩེད་ཐང་༢ པ་ བཟོ་སྐྲུན་འབད་དོ་ཡོདཔ།

༠༢/༠༥/༢༠༡༣   ༉ ཐིམ་ཕུ་ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་དེ་ དེང་སང་ལུགས་ཀྱི་ གྱིབ་ཀྱི་རྩྭ་གདན་འཐིང་ནིའི་དོན་ལུ་ སྤྱི་ཟླ་༤ པའི་ནང་ བཟོ་སྐྲུན་གྱི་ལཱ་ འགོ་བཙུགས་ཡོདཔ་ལས་ ཐང་བཟོ་སྐྲུན་འབད་ཞིནམ་ལས་ ཕུཊ་བཱོལ་རྩེ་མི་ཚུ་གི་རེ་འདོད་ འགྲུབ་ཚུགས་ནི་ཨིན་པས།
ལྕང་ཇི་ཇི་རྩེད་ཐང་ནང་ གྱིབ་ཀྱི་རྩྭ་གདན་
འཐིང་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་།


དེ་ཡང་ བཟོ་སྐྲུན་གྱི་ལཱ་འབད་བའི་སྐབས་ གནམ་གཤིས་གནས་སྟངས་ལེགས་ཤོམ་སྦེ་ཡོད་པ་ཅིན་ སྤྱི་ཟླ་༨ པའི་ནང་ མཇུག་བསྡུ་ཚུགས་ནི་ཨིནམ་ལས་ ད་རེས་ནངས་པ་ ལྕང་གླིང་མི་ཐང་ནང་ ཕུཊ་བཱོལ་རྩེ་ནིའི་དོན་ལུ་ ཟླཝ་ལས་བཅད་དེ་ སྔོན་མངགས་འབད་སྡོད་མི་ཚུ་གི་ དཀའ་ངལ་བསལ་ཚུགས་ནི་ཨིན་པས།



འབྲུག་ཕུཊ་བཱོལ་ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ནང་ ཐིམ་ཕུ་ ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་ འགོ་འབྱེད་འབད་བའི་ཉིནམ་ལས་ཚུར་ སྡེ་ཚན་བཟོ་སྟེ་ ཕུཊ་བཱོལ་རྩེ་མི་ སྟོང་ཕྲག་ལྷག་སྟེ་ འོང་ཡོདཔ་མ་ཚད་ རྩེད་ཐང་ཐོབ་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་གིས་ ལྷན་ཐབས་འབད་ཚུགས་ཟེར་ སླབ་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་ འབད་བ་ཅིན་ ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་ བཟོ་སྐྲུན་འབད་ནིའི་དོན་ལུ་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ རྒྱལ་སྤྱི་ཕུཊ་བཱོལ་ཚོགས་སྡེ་ལུ་ རྒྱབ་སྐྱོར་དང་ གྲོགས་རམ་གྱི་ གྱིབ་ཀྱི་རྩྭ་གདན་དགོ་པའི་ཡི་གུ་ཚུ་ བཙུགས་པའི་ཤུལ་ལུ་ མ་དངུལ་ ཡུ་ཨེསི་ཌོ་ལར་༥༨༥,༠༠༠ གནང་མི་དང་བསྟུན་ ད་ལྟོ་ བཟོ་སྐྲུན་འབད་དོ་ཟེར་ཨིན་པས།
ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་དེ་ རིང་ཚད་མི་ཊར་༡༠༣ དང་ དཀྱུས་ཚད་མི་ཊར་༦༦ ཡོདཔ་ད་ ལྕང་གླིང་ཐང་ནང་ རིན་ཚད་མི་ཊར་༡༠༧ དང་ དཀྱུས་ཚད་མི་ཊར་༦༨ ཡོདཔ་ལས་ ལྕང་ཇི་ཇི་དང་ཕྱདཔ་ད་ ལྕང་གླིང་མི་ཐང་དེ་ སྦོམ་ཡོད་ཟེར་ཨིནམ་ད་ དེ་ཡང་ ས་ཁོངས་རྒྱ་སྦོམ་སྦེ་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ལྕང་ཇི་ཇི་གི་ ཕུཊ་བཱོལ་རྩེད་ཐང་བཟོ་སྐྲུན་འབད་ཞིནམ་ལས་ ཕུཊ་བཱོལ་རྩེད་འགྲན་གྱི་སྡེ་ཚན་བཟོ་སྟེ་ བཅའ་མར་གཏོགས་མི་ཚུ་ལུ་ སྦྱོང་བརྡར་དང་ སློབ་སྟོན་འབད་ནིའི་གོ་སྐབས་སྤྲོད་ནི་ཨིནམ་མ་ཚད་ འགྲན་བསྡུར་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་འགོ་དཔོན་ བསོད་ནམས་འཇིགས་མེད་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པ་ ལྕང་གླིང་མི་ཐང་ནང་ རྩེད་འགྲན་འབད་མི་ ཉིན་བསྟར་བཞིན་དུ་ མང་སུ་སྦེ་འོང་དོ་ཡོདཔ་མ་ཚད་ རྩེད་འགྲན་འབད་ནིའི་གོ་སྐབས་ ཐོབ་མ་ཚུགས་པའི་ དཀའ་ངལ་ཚུ་ཡང་ བསལ་ཚུགས་ཟེར་ཨིན་པས།
འཕྲལ་མགྱོགས་ར་ འབྲུག་ཕུཊ་བཱོལ་ཚོགས་སྡེའི་ ཡོངས་འབྲེལ་འཆར་སྒོ་ཅིག་ འགོ་འབྱེད་འབད་ནི་ཨིནམ་ལས་ དང་འདོད་ཡོད་མི་ཚུ་གིས་ ཡོངས་འབྲེལ་འཆར་སྒོའི་ཐོག་ལས་ ཡི་གུ་བཙུགས་ཏེ་ རྩེད་ཐང་ཚུ་ སྔོན་མངགས་འབད་ཐོག་ལས་ གཏན་འཁེལ་བཟོ་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
ནང་པ་ཕུཊ་བཱོལ་སྡེ་ཚན་གྱི་སྦྱིན་བདག་ སྐལ་བཟང་འཇིགས་མེད་ཀྱིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ ལྕང་གླིང་ཐང་ནང་སྦེ་ རྒྱལ་སྤྱི་ལམ་ལུགས་ཀྱི་ གྱིབ་ཀྱི་རྩྭ་གདན་འཐིང་བའི་ཤུལ་ལུ་ ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་གི་ ལྕོགས་གྲུབ་དང་ ཡོན་ཏན་ དེ་ལས་ རིག་རྩལ་ཚུ་ ཡར་དྲག་སྦོམ་ གཏང་ཚུགས་ཅི་ཟེར་ཨིན་པས།
འབྲུག་ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ ལྕང་གླིང་མི་ཐང་ ལེགས་བཅོས་མ་འབད་བའི་སྐབས་ ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་ གཟུགས་ཁར་ རྨ་སྐྱོན་བྱུང་མི་དང་ བཱོལ་ཡང་ ས་ཁར་ལེགས་ཤོམ་སྦེ་ ཆགས་མ་ཚུགསཔ་ལས་ ཕུཊ་བཱོལ་རྩེད་ནིའི་རིག་རྩལ་དང་ ལྕོགས་གྲུབ་ཚུ་ བཏོན་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ ཟླ་༡༢ པའི་ནང་ལས་ ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་ལག་ལེན་འཐབ་ནི་འགོ་བཙུགས་མི་ལུ་བརྟེན་ འོང་འབབ་ མ་དངུལ་འབུམ་ལས་བཅད་དེ་ བཟོ་ཚུགས་ཡོདཔ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་གྱིས་ མ་འོངས་རྒྱལ་ཁབ་ནང་ གྱིབ་ཀྱི་རྩྭ་གདན་གྱི་རྩེད་ཐང་ བཟོ་སྐྲུན་འབད་ནིའི་དོན་ལུ་ ལོ་བསྟར་བཞིན་དུ་ ལས་རིམ་དང་ ལས་འགུལ་ཚུ་དང་བསྟུན་ཏེ་ རྒྱལ་སྤྱི་ཕུཊ་བཱོལ་ཚོགས་སྡེ་ལུ་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ འཚོལ་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།

                                                                                  བཀྲིས་ཕུན་ཚོགས། 

No comments:

Post a Comment