གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་ཀྱི་ བསྐུལ་བསྒྲགས་ཚུ་ ནོར་རྫིཔ་མངམ་སྡོད་སར་ འགོ་འདྲེན་འཐབ་དགོཔ།

༡/༥/༢༠༡༣   ༉ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་དོན་ལུ་ སྲིད་དོན་ཚོགས་པ་ཚུ་གིས་ མི་མང་གི་ བསྐུལ་བསྒྲགས་ལས་རིམ་ འགོ་བཙུགས་ནི་ལུ་ ཉིན་གྲངས་༡༠ མ་གཏོགས་མེདཔ་བཞིན་དུ་ བཀྲིས་སྒང་རྫོང་ཁག་ མེ་རག་དང་ སག་སྟེང་རྒེད་འོག་༢ ཀྱི་ གཡག་རྫིཔ་ཚུ་གིས་ བསྐུལ་བསྒྲགས་ཚུ་ གནམ་དགུན་གྱི་ གཡག་གི་བྱང་སའི་ ས་གོ་ཚུ་ནང་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ བསམ་འཆར་བཀོདཔ་ཨིན་པས།
འཚོ་བ་ལ་ནོར་ལུ་བརྟེན་སྡོད་མི་ མེ་རག་གི་མི་སེར།


དེ་ཡང་ གཡག་གི་བྱང་སའི་ས་གནས་ མཁའ་གླིང་དང་ ཁ་རུང་ལ་ རྐང་པར་ དེ་ལས་ མཐའ་ཟུར་གྱི་ས་གནས་ ཤིང་མཁར་ལའུ་རི་ཚུ་ནང་ བསྐུལ་བསྒྲགས་ལམ་རིམ་འགོ་འདྲེན་འཐབ་པ་ཅིན་ གནས་སྤོ་འགྱོ་མི་ གཡག་རྫིཔ་མངམ་གིས་ བཅའ་མར་གཏོགས་ཚུགས་ནི་མས་ཟེར་ ཁོང་གིས་ སླབ་ཨིན་པས།
རབ་འབྱུང་པ་ཅིན་ སྲིད་ཚོགས་ཚུ་གིས་ འགོ་ཐོག་བཙག་འཐུའི་ བསྐུལ་བསྒྲགས་ཚུ་ གལ་གནད་ཆེ་བའི་ ནོར་གྱི་བྱང་ས་ཚུ་ནང་ འབད་དགོཔ་འདུག་ཟེར་ སག་སྟེང་ལས་ གཡག་རྫིཔ་སངས་རྒྱས་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་དོན་ཚོགས་པ་ཚུ་གིས་ བསྐུལ་བསྒྲགས་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ཚུགས་ནིའི་དོན་ལུ་བསྐུལ་བསྒྲགས་འབད་བ་ཅིན་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཤེས་ཡོན་སྤེལ་ནི་རྐྱངམ་གཅིག་མིན་པར་ རང་མོས་དང་ རྣམ་དག་གི་ བཙག་འཐུ་འབད་ནི་ལུ་ ལྷན་ཐབས་སྦོམ་འབྱུང་འོང་ཟེར་ཨིན་པས།
དེ་བཟུམ་མ་འབད་བ་ཅིན་ འོས་འབབ་ཅན་གྱི་ སྲིད་ཚོགས་ལུ་ ཚོགས་རྒྱན་བཙུགས་མི་ཚུགས་ནི་ཨིན་པའི་ ཚ་གྱང་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
ནོར་རྫིཔ་བརྒྱ་ཆ་༦༠ ལྷགཔ་ཅིག་ ས་ཐ་སའི་ས་གནས་ མཁའ་གླིང་དང་ རྐང་པར་ ཁ་ཤི་སྟེང་ ཁེ་ལི་ཕུག་ ཁ་རུང་ལ་ཚུ་ནང་ གཡག་འཚོ་སྟེ་ སྡོད་དོ་ཡོདཔ་ད་ སག་སྟེང་གི་ ནོར་རྫིཔ་ཚུ་ ད་རེས་ནངས་པ་ ཁ་དམའ་སའི་ལུང་གཤོང་ ར་སྡི་དང་ ཕོངས་མེད་ ཤིང་མཁར་ལའུ་རི་ཚུ་ནང་ ནོར་འཚོ་སྡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་སྐབས་ལུ་ཡང་ ལ་ནོར་འཚོ་མི་ཚུ་ གནམ་དགུན་གྱི་ ནོར་བྱང་ས་ཚུ་ནང་ གནས་སྤོ་སོང་མི་ལུ་བརྟེན་ མེ་རག་དང་ སག་སྟེང་ལུ་ འགོ་འདྲེན་འཐབ་མི་ སྤྱིར་བཏང་གྲོས་འཛོམས་ཚུ་ནང་ མང་ཤོས་ཅིག་ར་ འོང་མ་ཚུགས་པས།
རྒྱལ་ཡོངས་ཚེོགས་འདུའི་ འགོ་ཐོག་བཙག་འཐུའི་ གྲོས་འཛོམས་ཚུ་ནང་ཡང་ ནོར་རྫིཔ་ཚུ་གིས་ བཅའ་མར་གཏོགས་མི་ཚུགས་ནི་ཨིན་པའི་ ཚ་གྱང་ཡོད་ཟེར་ གནས་སྤོ་འགྱོ་མི་ཚུ་གིས་ སླབ་ཨིན་པས།
མེ་རག་ལས་ ནོར་རྫིཔ་ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ བསྐུལ་བསྒྲགས་ཀྱི་ འཛོམས་འདུ་ཚུ་ནང་ མི་ཚུ་གིས་ བཅའ་མར་གཏོགས་མ་ཚུགས་པ་ཅིན་ སྲིད་ཚོགས་ཚུ་གི་ ལྟ་བ་དང་ ཁས་བླངས་ཚུ་ཡང་ ཧ་གོ་མི་ཚུགས་ནི་ཨིནམ་ལས་ ཚོགས་རྒྱན་བཙུགས་ནི་ལུ་ཡང་ མགུ་འཐོམ་འབྱུང་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་སྐབས་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་ཉུང་སུ་ཅིག་ལས་མེད་མི་དེ་ཡང་ མི་ཚུ་གིས་ བཙག་འཐུའི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་མ་གོ་ནི་དེ་གིས་ ཨིནམ་འོང་ཟེར་ཨིན་པས།
བཀྲིས་སྒང་གི་ བཙག་འཐུ་འགོ་དཔོན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ སྤྱིར་བཏང་གྲོས་འཛོམས་ཚུ་ ནོར་གྱི་བྱང་ས་ཚུ་ནང་ འགོ་འདྲེན་འཐབ་མི་ཚུགསཔ་འོང་ཟེར་ཨིནམ་ད་ གལ་སྲིད་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འདི་བཟུམ་མའི་ ལམ་ལུགས་བཟོ་རུང་ བསྐུལ་བསྒྲགས་ཀྱི་ དུས་ཚོད་གངམ་མེདཔ་ལས་ སྲིད་ཚོགས་ཚུ་གིས་ ས་གོ་དེ་ཚུ་ནང་ ལྷོད་མི་ཚུགས་ཟེར་ཨིན་པས།
སྲིད་དོན་ཚོགས་པ་ཚུ་གི་ བསྐུལ་བསྒྲགས་ལས་རིམ་དེ་ སྤྱི་ཟླ་༥ པའི་ཚེས་༡༡ ལས་འགོ་བཙུགས་ཏེ་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ མཇུག་བསྡུ་དགོཔ་ལས་ བཀྲིས་སྒང་རྫོང་ཁག་གི་ རྒེད་འོག་༡༥ ནང་ཡང་ ཁྱབ་ཚུགས་པར་ ལཱ་ཁག་རྐྱབ་འོང་ཟེར་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment