གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་འབྲུག་༢ ཀྱི་མཐུན་ལམ་ལུ་ ཉམས་སྐྱོན་མེད་པའི་དོགས་སེལ།

༡/༥/༢༠༡༣   ༉ བློན་ཆེན་བགྲེསཔ་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཁོ་རའི་གནས་ཡུན་སྐབས་ རྒྱ་འབྲུག་༢ ཀྱི་བར་ནའི་ མཐུན་ལམ་ལུ་ དུམ་གྲ་ཅིག་ གནོད་པ་བྱུང་ཡོདཔ་སྦེ་ རྒྱལ་ཁབ་༢ ཆ་རའི་ བརྡ་བརྒྱུད་ཚུ་གིས་ བྲིས་ཡོདཔ་ཨིན་རུང་ དེ་ལུ་ རྒྱབ་རྟེན་ག་ཅི་ཡང་མེད་ཟེར་ འདས་པའི་རེས་གཟའ་ཟླ་བ་ལུ་ འགོ་འདྲེན་འཐབ་མི་ འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་ཞལ་འཛོམས་ནང་ གསུངས་ཡོདཔ་ཨིན་པས།


རེས་གཟའ་མིག་དམར་ལུ་ གནས་ཡུན་ཚང་སྟེ་ ཡིག་ཚང་ལས་ དགོངས་ཞུ་བྱོན་མི་ བློན་ཆེན་གྱིས་འབད་བ་ཅིན་ འདས་པའི་ལོ་ངོ་༥ འི་རིང་ལུ་ རྒྱལ་ཁབ་༢ ཀྱི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ བརྗེ་སོར་ལྟ་སྐོར་འབད་ཡོདཔ་མ་ཚད་ གོང་འཕེལ་གྱི་ ལས་སྣ་ཚུ་ནང་ཡང་ མཉམ་འབྲེལ་སྦོམ་བྱུང་ཡོདཔ་ལས་ མཐུན་འབྲེལ་དེ་ ལྷག་པར་དུ་ གོང་འཕེལ་སོང་སྟེ་ཡོད་ཟེར་ གསུངས་ཡོདཔ་ཨིན་པས།
བློན་ཆེན་བགྲེསཔ་གིས་འབད་བ་ཅིན་ ད་རེས་ཁམས་ཅིག་ཁར་ ཁོ་ར་ རྒྱ་གར་རྒྱལ་ཁབ་ནང་ ལྟ་སྐོར་མཇུག་འགྱོ་མི་དེ་ཡང་ རྒྱ་གར་གཞུང་གིས་ རྒྱལ་ཁབ་ཀྱི་ གོང་འཕེལ་ལས་སྣ་ཚུ་ནང་ གྲོགས་རམ་སྦོམ་སྦེ་ གནང་མི་ལུ་ བཀའ་དྲིན་དགའ་ཚོར་ ཕུལ་བར་ ཨིན་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་ རྒྱལ་ཁབ་གོང་འཕེལ་ ལེགས་ཤོམ་སྦེ་སོང་སྟེ་ མི་སེར་ཚུ་གི་ མི་ཚེའི་གནས་སྟངས་ཚུ་ ལེགས་སྒྱུར་སོང་ཡོད་མི་དེ་ཡང་ གཙོ་བོ་ར་ རྒྱ་གར་གཞུང་གི་ གྲོགས་རམ་ལུ་བརྟེན་ཨིན་ཟེར་ གསུངས་ཡོདཔ་ད་ བློན་ཆེན་ཁོ་ར་ རྒྱ་གར་ལུ་ བཀའ་དྲིན་དགའ་ཚོར་ ཕུལ་བར་འགྱོ་བའི་སྐབས་ རྒྱ་གར་གཞུང་དེ་ གནམ་མེད་ས་མེད་ སེམས་དགའ་སྟེ་ སྡོད་ནུག་ཟེར་ བློན་ཆེན་བགྲེསཔ་གིས་ གསུངས་པའི་ཁར་ རྒྱ་གར་གྱི་སྲིད་བློན་ མཱན་མོ་ཧཱན་སིང་དང་ ཁོ་རའི་བར་ནའི་ མཐུན་འབྲེལ་དེ་ཡང་ སྔར་ག་ཨིནམ་སྦེ་ར་ གནས་ཏེ་ཡོད་ཟེར་གསུངས་ནུག།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་༢ ཀྱི་བར་ནའི་ མཐུན་འབྲེལ་མར་ཉམས་སོང་བའི་ཁར་ རྒྱ་གར་གཞུང་གིས་ འབྲུག་ལུ་ གོང་འཕེལ་གྱི་དོན་ལུ་ གྲོགས་རམ་མ་དངུལ་གྱི་ཚད་གཞི་ཚུ་ མར་ཕབ་འབད་དོ་ཡོད་པའི་སྐོར་ལས་ སླབ་མི་ཚུ་ལུ་ བདེན་པ་མེད་ཟེར་ཨིན་པས།
དེ་བཟུམ་མའི་ མ་བདེན་པའི་ ལོ་རྒྱུས་ཚུ་ལུ་ ཡིད་ཆེས་བསྐྱེད་ནི་ མི་འོང་ནི་དང་ གལ་སྲིད་ ཡིད་ཆེས་བསྐྱེད་དགོ་པ་ཅིན་ བདེན་ཁུངས་ཅན་གྱི་ གནད་དོན་ཚུ་ལུ་ བསྐྱེད་དགོཔ་བཞིན་དུ་ བདེན་ཁུངས་ཅན་གྱི་ གནད་དོན་དེ་ཡང་ རྒྱ་གར་གཞུང་གིས་ འཆར་གཞི་༩ པ་དང་ཕྱདཔ་ད་ འཆར་གཞི་༡༠ པའི་དོན་ལུ་ མ་དངུལ་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ གནང་ཡོད་མི་དེ་ ཨིན་ཟེར་ གསུངས་ནུག།
ད་རེས་ རྒྱ་གར་གཞུང་ལས་ འཆར་གཞི་༡༠ པའི་དོན་ལུ་ མ་དངུལ་གྲོགས་རམ་ ལྷག་ལུས་ཡོད་མི་ཚུ་ཡང་ དུས་ཅི་སྤྱི་ཟླ་༦ པའི་ཚེས་༣༡ ལུ་ ལྷོད་པའི་རེ་བ་ཡོད་ཟེར་ཨིན་པས།
མ་གཞི་ རྒྱ་ནག་རྒྱལ་ཁབ་ཀྱིས་གཙོས་པའི་ འཛམ་གླིང་རྒྱལ་ཁབ་ ག་རའི་ནང་ དཔལ་འབྱོར་མར་ཉམས་ཀྱིས་ གནོད་པ་བྱུང་ཡོདཔ་ཨིན་རུང་ རྒྱ་གར་རྒྱལ་ཁབ་ཀྱིས་ འབྲུག་ལུ་ གྲོགས་རམ་ཚུ་ འཕྲོ་མཐུད་དེ་ར་ གནང་སྟེ་ཡོད་ཟེར་ཨིན་པས།
དེ་དང་འཁྲིལ་ རྒྱ་གར་རྒྱལ་ཁབ་ནང་ དཔལ་འབྱོར་ཡར་འཕར་གྱི་ཚད་གཞི་དེ་ བརྒྱ་ཆ་༩ ལས་༥ ལུ་ མར་བབས་སོང་ཡོདཔ་ལས་ ཁོང་རའི་ལྷན་ཁག་ཚུ་ནང་ཡང་ མ་དངུལ་ཚུ་ བརྒྱ་ཆ་༡༠ རེ་ མར་ཕབ་རྐྱབ་ཡོད་རུང་ འབྲུག་ལུ་ མ་དངུལ་གྱི་གྲོགས་རམ་ དངུལ་ཀྲམ་དུང་ཕྱུར་༣༤ ལས་ བརྒྱ་ཆ་༡ ཡང་ མར་ཕབ་མ་འབད་བར་ གནང་སྟེ་ཡོད་ཟེར་ བློན་ཆེན་བགྲེསཔ་གིས་ གསུངས་ཡོདཔ་ཨིན་པས།
དེ་མ་ཚད་ རྒྱ་གར་གཞུང་གིས་ གདུང་བསམ་རྩི་ས་ལས་འགུལ་གྱི་དོན་ལུ་ མ་དངུལ་དུང་ཕྱུར་༣ དང་ སྤྱི་ཕན་རིག་འཕེལ་གྱི་དོན་ལུ་ མ་དངུལ་དུང་ཕྱུར་༢ གནང་སྟེ་ཡོདཔ་ད་ རྒྱལ་ཁབ་ནང་ རུ་པིའི་དཀའ་ངལ་བསལ་ནིའི་དོན་ལུ་ རྒྱ་གར་གཞུང་གིས་ ཚོང་འབྲེལ་གྱི་ སྐྱེད་ཀྱི་ཚད་གཞི་ལས་དམའ་བའི་ སྐྱེད་བརྒྱ་ཆ་༥ རེ་སྦེ་ རུ་པི་དུང་ཕྱུར་༡༠ བྱིན་ཡོདཔ་ཨིན་པས།
དེ་ལུ་བརྟེན་ རྒྱ་གར་གཞུང་གིས་ ཁོང་ར་གིས་ ཁས་བླངས་འབད་མི་དང་འཁྲིལ་ འབྲུག་ལུ་ མ་དངུལ་གྱི་ གྲོགས་རམ་བྱིན་ནི་ཚུ་ མཚམས་འཇོག་འབད་མི་ལུ་ བདེན་ཁུངས་མེདཔ་ ཧ་གོ་ཚུགས་པས་ཟེར་ཨིནམ་ད་ རྒྱ་འབྲུག་༢ ཀྱི་ མཐུན་འབྲེལ་དེ་ ག་ནི་བ་ ཁག་ཆེ་དྲགས་ཅིག་ ཨིན་ཟེར་གསུངས་ནུག།
བློན་ཆེན་བགྲེསཔ་འཇིགས་མེད་འཕྲིན་ལས་ཀྱིས་ ཁོ་ར་ རྒྱ་ནག་གི་ བློན་ཆེན་དང་ ཕྱད་དགོ་མི་དེ་ཡང་ རྒྱ་ནག་དང་ འབྲུག་གི་བར་ན་ རྒྱལ་ཁབ་ཀྱི་ བྱང་ཕྱོགས་ལུ་ ས་མཚམས་ཡོད་མི་ལུ་བརྟེན་ཨིནམ་ད་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ཉེན་སྲུང་དང་ རང་བཙན་ལུ་ལྟ་སྟེ་ རྒྱ་ནག་དེ་ སྣང་མེད་སྦེ་ བཞག་ནི་མི་འོང་ཟེར་ གསུངས་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment