གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསང་སྤྱོད་དང་ ཤོག་འཛིན་བཏོག་སའི་ མཐུན་རྐྱེན་མེད་པའི་དཀའ་ངལ།

༡༡/༠༡/༢༠༡༣། ༉ བུམ་ཐང་ལུང་ཕྱོགས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ མི་མང་སྐྱེལ་འདྲེན་བཱསི་ བཞག་སའི་ས་ཁོངས་ནང་ གསང་སྤྱོད་དང་ ཤོག་འཛིན་བཏོག་སའི་ མཐུན་རྐྱེན་མེད་མི་ལུ་བརྟེན་ འགྲོ་འགྲུལ་འབད་མི་དང་ ས་གནས་ནང་སྡོད་མི་ཚུ་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

དེ་ཡང་ སྣུམ་འཁོར་བཞག་ཐང་ གཏན་ཏོག་ཏོ་ཅིག་མེད་པའི་ཁར་ ཤོག་འཛིན་བཙོང་ས་ཡང་ མེདཔ་ལས་ འགྲོ་འགྲུལ་འབད་མི་ཚུ་ལུ་ ཤོག་འཛིན་བཙོང་སའི་ས་ཁོངས་ འཚོལ་མ་ཐོབ་པའི་དཀའ་ངལ་ཚུ་ བྱུང་དོ་ཡོདཔ་ཨིན་པས།


བུམ་ཐང་ལུང་ཕྱོགས་ཀྱི་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ལས་ ཚེ་རིང་སྟོབས་རྒྱས་ཀྱིས་བཤད་དོ་བཟུམ་འབད་བ་ཅིན་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་མ་ཚུགས་མི་དེ་ ད་ལྟོ་ འགྲུལ་སྐྱེལ་བཱསི་བཞག་ཐང་དེ་ གཞུང་ས་ནང་ཨིནམ་མ་ཚད་ གནས་སྐབས་ཀྱི་དོན་ལུ་ཨིནམ་ལས་ མཐུན་རྐྱེན་ཚུ་བཙུགས་མ་ཚུགས་ཟེར་ཨིན་པས།

ཚེ་རིང་སྟོབས་རྒྱས་ཀྱིས་ སྣུམ་འཁོར་བཱསི་བཞག་ཐང་ སོ་སོར་སྦེ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ས་ཁོངས་དགོ་པའི་ཞུ་བ་ རྫོང་ཁག་ནང་ ཐེངས་གཉིས་དེ་ཅིག་བཙུགས་རུང་ དེ་ལུ་ལན་གསལ་ག་ནི་ཡང་མེདཔ་ལས་ དེ་སྦེ་ར་ ལུས་ཏེ་ཡོད་ཟེར་ཨིནམ་ད་ གནད་དོན་དེ་གི་སྐོར་ལས་ ཁོང་གིས་ རྒེད་འོག་ཚོགས་ཆུང་ནང་ཡང་ ལོ་རྒྱུས་ཐོན་ཡོད་རུང་ ངོས་ལན་ག་ནི་ཡང་ མ་བྱུང་ཟེར་ཨིན་པས།


བུམ་ཐང་རྫོང་རབ་ བསོད་ནམས་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་བཟུམ་སྦེ་ བཙག་འཐུ་ལྷན་ཚོགས་དང་ རྩིས་ཞིབ་དབང་འཛིན་ དེ་ལས་ ལུང་ཕྱོགས་ཅ་དམ་ཡིག་ཚང་གིས་ཡང་ རྫོང་ཁག་ནང་ ས་ཆ་དགོ་པའི་སྐོར་ལས་ ཞུ་བ་འབད་ཡོད་རུང་ ད་ལྟོ་ རྫོང་ཁག་གི་ ཁྲོམ་གྱི་འཆར་གཞི་ཨམ་དེ་ བཟོ་བའི་བསྒང་ཡོདཔ་ལས་ ཕྱིར་འགྱངས་སྦེ་ལུས་ཏེ་ཡོད་ཟེར་ཨིན་པས།


ཞུ་ཡིག་ལྷོད་མི་ཚུ་ལུ་ ང་བཅས་ཀྱིས་ ས་ཆ་བྱིན་པ་ཅིན་ ཤུལ་ལས འཆར་གཞི་ཨམ་ལྷོད་པའི་སྐབས་ ཚུལ་དང་ལྡནམ་སྦེ་ ལཱ་འབད་མ་ཚུགས་པའི་ དཀའ་ངལ་འཐོན་ནི་ཨིནམ་ལས་ འཆར་གཞི་ཨམ་དང་འཁྲིལ་ བྱིན་ནིའི་དོན་ལུ་ བསྒུགས་ཏེ་ཡོད་ཟེར་ཨིན་པས།


བུམ་ཐང་ཁྲོམ་སྡེ་འཐུས་མི་ ཀརྨ་ལེགས་ལྡན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མི་མང་གི་དོན་ལུ་ གསང་སྤྱོད་ཚུ་རྐྱབ་ནིའི་འཆར་གཞི་ཡོད་རུང་ འཆར་གཞི་ཨམ་ལུ་ རག་ལས་ནི་མས་ཟེར་ཨིན་པས།


ཚེ་རིང་སྟོབས་རྒྱས་ཀྱིས་ ས་ཁོངས་གཏན་འཁེལ་མེདཔ་ལས་ ཤོག་འཛིན་བཙོང་ས་ཚུ་ཡང་ སྣུམ་འཁོར་གྱི་ཇོ་བདག་ཚུ་གི་ སྟབས་བདེ་སྡུག་དང་འཁྲིལ་ བཟའ་ཁང་ཚུ་ནང་ གླ་ཁར་བྱིན་ཏེ་འདུག་ཟེར་ཨིན་པས།


གསང་སྤྱོད་ཀྱི་མཐུན་རྐྱེན་མེད་མི་ལུ་བརྟེན་ དུས་ཚོད་འ་ནེམ་ཅིག་ཁར་ གནམ་གཤིས་གནས་སྟངས་སྐྱོ་དྲགས་དང་ བུམ་ཐང་ལས་ ཐིམ་ཕུ་དང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ འགྲོ་འགྲུལ་འབད་མི་ཚུ་ དྲོ་པ་ཧ་སག་ལས་ འགྱོ་དགོ་ནི་དེ་གིས་ སྣུམ་འཁོར་བཞག་སའི་ ཐང་གི་ཟུར་ཁ་ལས་ཕར་ ཆབ་གསང་ཚུ་ ག་ལྷོད་འབད་དོ་ཡོདཔ་ལས་ ས་གནས་ནང་སྡོད་མི་ཚུ་ལུ་ བྱ་སྟབས་མ་བདེ་བའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།


འཕྲལ་ཁམས་ཅིག་ཁར་ མོང་སྒར་ལས་ ཐིམ་ཕུ་ལུ་འགྱོ་མི་ འགྲུལ་པ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ འགྲུལ་སྐྱེལ་བཱསི་བཞག་ཐང་ནང་ གསང་སྤྱོད་མེདཔ་ལས་ དྲོ་པ་གྱང་སྡོདཔ་ད་ར་ རྩེད་ཐང་གི་ཉེ་འདབས་ལུ་ ཆབ་གསང་བཏང་དགོཔ་ བྱུང་ཡི་ཟེར་ཨིན་པས།


བུམ་ཐང་ལས་ ཚོང་དཔོན་ཅིག་གིས་ ས་ཁོངས་དེ་ མི་མ་ཆད་པར་ འོང་ས་ཅིག་འབད་ནི་དེ་གིས་ གནས་སྐབས་ཀྱི་དོན་ལུ་འབད་རུང་ གསང་སྤྱོད་ཀྱི་མཐུན་རྐྱེན་དགོཔ་ ཁག་ཆེ་བས་ཟེར་ ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment