གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་ཡབ་སྲས་རྣམ་༢ ཀྱིས་ དབང་ཆེན་མཇུག་བསྡུའི་རྟེན་འབྲེལ་ནང་ གྲལ་བཞུགས་གནང་ཡོདཔ།

མི་དབང་འབྲུག་རྒྱལ་༤ པ་མཆོག་ལུ་ སྐུ་གསུང་ཐུགས་རྟེན་མནྜལ་ ཕུལ་བའི་བསྒང་།
 ༡༠/༠༡/༢༠༡༣། ༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་གཙོས་པའི་ མི་དབང་རྒྱལ་བཙུན་དང་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ དེ་ལས་ སྲས་སྲོས་ཚུ་གིས་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་མཇུག་བསྡུའི་རྟེན་འབྲེལ་ནང་ གྲལ་བཞུགས་གནངམ་དང་འབྲེལ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ལས་ ཚེ་དབང་ཞུ་གནང་ཡི།

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་དབུ་གཙོས་པའི་ གྲྭ་ཚང་འཕགས་པའི་དགེ་འདུནམ་ཚུ་དང་ བློན་པོའི་ལྷན་རྒྱས་ དྲུང་ཆེན་ དེ་ལས་ ཆེ་རིམ་འགོ་དཔོན་ཚུ་གིས་ དབང་ཆེན་ཞུ་མི་ དད་ཅན་སྐྱ་སེར་ཚུ་དང་གཅིག་ཁར་སྦེ་ མི་དབང་ཡབ་སྲས་རྣམ་༢ སྐུ་ཚེ་ཞབས་པད་བརྟན་ནིའི་དོན་ལུ་ ཞབས་བརྟན་ཕུལ་ཡོདཔ་མ་ཚད་ དམིགས་བསལ་དུ་ མི་དབང་འབྲུག་རྒྱལ་༤ པ་མཆོག་ལུ་ མནྜལ་སྐུ་གསུང་ཐུགས་རྟེན་ཕུལ་ཡི།

དབང་བཤད་ཀྱི་རིམ་པ་ ཉིན་མའི་ གསོལཝ་གི་དུས་ཚོད་ཚུན་ གནང་བའི་ཤུལ་ལས་ སྤྲུལ་སྐུ་ཚུ་གིས་ ཁྲོམ་དབང་གནང་ནི་ འགོ་བཙུགས་མི་དེ་ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ལུ་ མཇུག་བསྡུ་ཡོདཔ་ད་ ཁྲོམ་དབང་གནང་པའི་སྐབས་ སྐྱབས་རྗེ་མཆོག་གིས་ དབང་ཞུ་མི་ཚུ་ལུ་ འཕགས་པ་ཐུགས་རྗེ་ཆེན་པོ་ སྤྱན་རས་གཟིགས་ལུ་ གསོལ་བཏབ་དགོཔ་གལ་ཆེ་བའི་སྐོར་ལས་ གསུངས་མིའི་ནང་ ཐུགས་རྗེ་ཆེན་པོ་དེ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ག་རའི་ རྙིང་རྗེ་གི་ རང་གཟུགས་ཨིནམ་ལས་ རང་གི་རྒྱུད་ལུ་ རྙིང་རྗེ་གི་སེམས་བསྐྱེད་དགོ་པ་ཅིན་ སྤྱན་རས་གཟིགས་ལུ་ ངེས་པར་དུ་ གསོལཝ་བཏབ་དགོཔ་ གལ་ཆེ་ཟེར་ཨིན་པས།


འཕགས་པ་སྤྱན་རས་གཟིགས་ བྱིན་རླབས་ཆེ་བའི་སྐོར་ལས་ གསུངས་མིའི་ནང་ གུ་རུ་རིན་པོ་ཆེ་ བོད་ལས་ སྲིན་ཡུལ་ལུ་ མ་བྱོན་པའི་ཧེ་མར་ མི་ཚུ་ལུ་ སྤྱན་རས་གཟིགས་དེ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ག་ར་ལས་ཡང་ བྱིན་རླབས་ཆེ་ཤོས་ཅིག་ཨིནམ་ལས་ ཁོ་གི་ཐུགས་རྗེ་དེ་ ག་གིས་ཡང་ གསུངས་མི་ཚུགས་དོ་བཟུམ་ གུ་རུ་རིན་པོ་ཆེ་ཁོ་གིས་ཡང་ གསུངས་མི་ཚུགས་ཟེར་གསུངས་ནུག་ཟེར་ཨིན་པས།


དེ་གི་ཤུལ་ལས་ སྐྱབས་རྗེ་མཆོག་གིས་ མགོན་པོ་འོད་དཔག་མེད་ཀྱི་ ལྗགས་ལུང་གནང་ཡོདཔ་མ་ཚད་ ཁ་ཉིནམ་ ཐུགས་རྗེ་ཆེན་པོ་ སྒོམ་ཐངས་དང་ ཕན་ཡོན་གྱི་སྐོར་ལས་ ཁ་གསལ་སྦེ་ གསུངས་གནང་ཡི།


སྐྱབས་རྗེ་མཆོག་གིས་ གསུངས་མིའི་ནང་ སྤྱན་རས་གཟིགས་ཀྱི་ དབང་ལུང་ཁྲིད་གསུམ་ཚུ་ སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་ཀྱིས་གཙོས་པའི་ བླ་ཆེན་མང་རབས་ཅིག་ལས་ ཞུ་ནི་དེ་གིས་ བྱིན་རླབས་ཆེ་དྲགས་ཡོད་ཟེར་ཨིན་པས།


བཀའ་དབང་ཞུ་མི་ མང་ཤོས་ཅིག་གིས་ སླབ་མིའི་ནང་ ཁོང་གི་མི་ཚེ་ནང་ དེ་བཟུམ་གྱི་ དབང་བྱིན་ཅན་ཚུ་ ཞུ་ནིའི་གོ་སྐབས་ཐོབ་ནི་དེ་གིས་ བསམ་པ་རྫོགས་ཡི་ཟེར་ཨིནམ་ད་ མོང་སྒར་ལས་ བསྟན་འཛིན་གྱིས་འབད་བ་ཅིན་ དབང་ཞུ་ནིའི་ གོ་སྐབས་ཐོབ་མི་དེ་ཡང་ ཚེ་སྔ་མ་ ཚོགས་བསགས་སྒྲིབ་སྦྱང་གི་ འབྲས་བུ་ཨིནམ་ལས་ ཚེ་ཕྱི་མ་ཡང་ རྡོ་རྗེ་འཆང་གི་གོ་འཕང་ འཐོབ་ཚུགས་པའི་སྨོན་ལམ་བཏབ་དོ་ཟེར་ཨིན་པས།


ད་རིས་ སྤུངས་ཐངས་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ མི་མང་ལུ་ མཐོང་གྲོལ་གྱི་ མཇལ་ཁ་གནང་བའི་ཤུལ་ལས་ མགོན་པོ་ལྕམ་དྲལ་གསུམ་ལུ་ གཏང་རག་དང་ ཚོགས་འཁོར་བསྐོར་ཏེ་ ཉིན་གྲངས་༢༠ འབད་མི་ དབང་ཆེན་གྱི་ལས་རིམ་དེ་ མཇུག་བསྡུ་གནང་ནི་ཨིན་པའི་གནས་ཚུལ། 

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།


No comments:

Post a Comment