གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཁྲུན་ཆོད་བཏོན་གནང་མི་ལུ་ བསམ་པ་མ་རྫོགསཔ།

༡༠/༠༡/༢༠༡༣། ༉ སྤ་རོ་ཤར་པ་རྒེད་འོག་ ཧ་སེ་ལོགས་ལུ་ རྡོ་ཀ་མ་རུ་པའི་ གཏེར་ཁ་བཏོན་མི་ སི་ཇི་བཟོ་གྲྭ་ཁང་ལུ་ རྫོང་ཁག་དང་ ཆེ་མཐོའི་ཁྲིམས་འདུན་༢ ཀྱིས་ སྒོ་བསྡམ་དགོཔ་སྦེ་ གྲོས་ཆོད་བཏོན་གནང་མི་ལུ་ བསམ་པ་མ་རྫོགསཔ་ལས་ རྩོད་དོན་དེ་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༣ ལུ་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་བཏུགས་འབད་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༡ ཟླ་༤ པའི་ཚེས་༡༤ ལུ་ སྤ་རོ་རྫོང་ཁག་གིས་ ས་ཁོངས་དེ་ གནས་ས་ཨིནམ་སྦེ་ སླབ་སྲོལ་ཡོད་པའི་ ངག་རྒྱུན་དང་ བསྟན་རྒྱས་ལྷན་ཁག་འོག་གི་ ས་གཏེར་ལས་ཁུངས་ཀྱིས་ གཏེར་ཁ་གླ་ཁར་ལེན་པའི་ཡིག་ཆ་ ཆ་མེད་བཏང་མི་ལུ་ གཞི་བཞག་སྟེ་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།


འཁྲུན་ཆོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བཙན་སྐྱོགས་རྒྱལ་པོ་གིས་ གཏེར་ཁ་བཏོན་ནིའི་དོན་ལུ་ གནས་ཕུག་གཡུས་ཚན་གྱི་ མི་སེར་ཚུ་ལས་ ཉོགས་མེད་ལག་ཁྱེར་ མ་ལེན་པས་ཟེར་ཨིནམ་ད་ ཨིན་རུང་ ཁོ་གི་ལག་པར་ཡོད་མི་ ཡིག་ཆ་ཚུ་དང་འཁྲིལཝ་ད་ ཤར་པ་རྒེད་འོག་ལས་ ཉོགས་མེད་ལག་ཁྱེར་ ལེན་པའི་སྐབས་ གནས་ཕུག་གི་ཚོགས་པ་ རྣམ་རྒྱལ་གྱིས་ཡང་ མིང་རྟགས་བཀོད་དེ་ཡོདཔ་ལས་ དེ་གིས་འཐུས་ཟེར་ཨིན་པས།
དེ་ལུ་ གཏེར་ཁ་བཏོན་མི་ཇོ་བདག་དེ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ ཐོ་གཏུགས་འབད་ཡོདཔ་ཨིན་རུང་ ཐོག་མའི་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དེ་ བསྒྱུར་བཅོས་མེད་པར་ འཁྲུན་ཆོད་བཏོན་གནང་ཡོདཔ་ཨིན་པས།


གཏེར་ཁ་བཏོན་སའི་ ས་ཁོངས་ཀྱི་ཇོ་བདག་ བཙན་སྐྱོགས་རྒྱལ་པོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ གཏེར་ཁ་བཏོན་ནི་དེ་ བཀག་ཆ་མ་འབད་བའི་ཧེ་མར་ སྤྱི་ལོ་༢༠༠༨ དང་༢༠༠༩ གི་བར་ན་ དེ་བསྒང་གི་ སྤ་རོ་རྫོང་བདག་ རྣམ་རྒྱལ་དཔལ་འབྱོར་གྱིས་ ཚར་༣ དེ་ཅིག་ བཀག་ཆ་འབད་ཡོདཔ་ཨིན་རུང་ ས་གཏེར་ལས་ཁུངས་ཀྱིས་ ཡང་བསྐྱར་དུ་ ལོག་ལཱ་འབད་ཆོགཔ་ བཟོ་ཡི་ཟེར་ཨིན་པས།


དེ་ལས་ སྤྱི་ལོ་༢༠༠༩ ཟླཝ་༧ པའི་ནང་ ས་གཏེར་ལས་ཁུངས་བརྒྱུད་དེ་ རྫོང་ཁག་གིས་ ལཱ་འབད་མ་ཆོགཔ་སྦེ་ བཟོ་བའི་ཤུལ་ལུ་ སྤ་རོ་རྫོང་ཁག་ཁྲིམས་འདུན་ལུ་ རྩོད་གཞི་བཙུགས་ཡི་ཟེར་ཨིནམ་ད་ རྩོད་གཞི་ཕྱེ་སྡོད་པའི་བར་ན་ སྤྱི་ལོ་༢༠༡༡ ཟླ་༣ པའི་ཚེས་༢༣ ལུ་ ས་གཏེར་ལས་ཁུངས་ཀྱིས་ དུས་ཡུན་ལོ་༡༠ གྱི་དོན་ལུ་ལེན་མི་ གཏེར་ཁའི་གན་ཡིག་དེ་ ཆ་མེད་བཏང་ཡི་ཟེར་ཨིན་པས།


དེ་བཞིན་དུ་ རྫོང་ཁག་ཁྲིམས་འདུན་གྱིས་ཡང་ ཆ་མེད་བཏང་མི་བཀའ་རྒྱ་ལུ་ གཞི་བཞག་སྟེ་ འཁྲུན་ཆོད་བཏོན་གནང་ཡོདཔ་ཨིན་པས།


བཙན་སྐྱོགས་རྡོ་རྗེ་གིས་ སླབ་མིའི་ནང་ གཏེར་ཁ་དེ་གི་དོན་ལུ་ སྤྱི་ལོ་༢༠༠༧ ལས་ འགོ་བཙུགས་ཏེ་ ཉོགས་མེད་ལག་ཁྱེར་ཚུ་ ལེན་ནི་འགོ་བཙུགས་ཡོདཔ་ད་ སྤྱི་ལོ་༢༠༠༧ གྱི་ ཟླཝ་༨ པ་ལས་ ས་གཏེར་ལས་ཁུངས་དང་གཅིག་ཁར་ གན་ཡིག་བཟོ་སྟེ་ ལཱ་འབད་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།


ཨིན་རུང་ ལཱ་འགོ་བཙུགས་ཏེ་ དུས་ཡུན་དུམ་གྲ་ཅིག་ལས་ གཡུས་མི་ལ་ལུ་ཅིག་གིས་ ཉོགས་བཤད་བཀོད་མི་ལུ་བརྟེན་ ས་གཏེར་ལས་ཁུངས་དང་ ནགས་ཚལ་ རྫོང་ཁག་ རང་བཞིན་གནས་སྟངས་ཚོགས་སྡེ་ཚུ་གིས་ མཉམ་འབྲེལ་ཐོག་ དབྱེ་ཞིབ་འབད་བའི་སྐབས་ ཉོགས་བཤད་བཀོད་མི་དེ་ ཁུངས་མེད་པའི་ མངོན་གསལ་བྱུང་ཡི་ཟེར་ བཙན་སྐྱོགས་ཀྱིས་ སླབ་ཨིན་པས།


བཙན་སྐྱོགས་རྒྱལ་མཚན་གྱི་ ཡིག་ཆ་ཚུ་དང་འཁྲིལ་བ་ཅིན་ ཁོ་གིས་ ས་གནས་ཀྱི་ཉེ་འདབས་ལུ་སྡོད་མི་ གཡུས་ཚན་ཚུ་དང་ རྫོང་ཁག་ ནང་སྲིད་ལྷན་ཁག་ རྒྱལ་ཡོངས་རང་བཞིན་གནས་སྟངས་ཚོགས་སྡེ་ཚུ་ལས་ ཉོགས་མེད་ལག་ཁྱེར་ཚུ་ ལེན་ཏེ་འདུག།


སྤྱི་ལོ་༢༠༠༨ ལུ་ སྤ་རོ་རྫོང་བདག་ རྣམ་རྒྱལ་དབང་ཕྱུག་གིས་ གཏེར་ཁ་བཏོན་མི་ལུ་བརྟེན་ ས་གནས་ཀྱི་ཉེ་འདབས་ལུ་ཡོད་པའི་ མི་སེར་ཚུ་ལུ་ གནོད་པ་བྱུང་དོ་ཡོད་པའི་སྐོར་ལས་ ནང་སྲིད་ལྷན་ཁག་ནང་ ཡི་གུ་ཅིག་ཡང་ བཙུགས་ནུག།


ཚར་ཅིག་འབདཝ་ད་ ཁོ་རའི་ གཏེར་ཁ་བཏོན་སའི་ ས་ཁོངས་ནང་ རྡོ་རྫས་བཀལ་བའི་སྐབས་ ད་ལྟོའི་ སྤ་རོ་རྫོང་བདག་དང་ རྫོང་རབ་༢ ས་ཁོངས་ནང་འོང་སྟེ་ བཀག་ཆ་འབད་ཡོདཔ་ད་ ཁོ་གིས་ རྡོ་རྫས་བཀལ་ནིའི་དོན་ལུ་ གནང་བ་ཡོད་ཟེར་སླབ་ད་ རྡོ་རྫས་ཚུ་ གནང་བ་བྱིན་མི་ཡིག་ཚང་ཚུ་གི་ གདོང་ཁར་བསྐྱལ་ད་ཟེར་ སླབ་ཅི་ཟེར་ཨིན་པས།


གཞན་འབད་བ་ཅིན་ དེ་སྦེ་ ཆ་མེད་བཏང་སྟེ་འབད་རུང་ མ་བཏུབ་མེདཔ་ཨིན་རུང་ གཏེར་ཁ་བཏོན་ནིའི་དོན་ལུ་ མ་རྩ་རྒྱ་ཆེ་དྲགས་སྦེ་ ལག་ལེན་འཐབ་ཚར་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིནམ་ད་ ས་ཁོངས་དེ་ ཁོ་རའི་ ཁྲམ་ནང་ཡོད་མི་ལུ་བརྟེན་ཏེ་ གནས་ས་མེནམ་ ག་གིས་ཡང་ ཤེས་ཟེར་ཨིན་པས།


གལ་སྲིད་གནས་ས་ཨིན་པ་ཅིན་ ཧེ་མ་ལས་ རོགས་ཀྱིས་ཡང་ གནང་བ་མ་བྱིནམ་འོང་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།
 

No comments:

Post a Comment