གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་སྒང་ལུ་ ནོར་ཤ་བཙོང་མི་ མར་བབས་སོང་ཡོདཔ།

ཤ་མེད་པའི་ ཤ་ཁང་སྟོངམ།
 ༡༡/༠༡/༢༠༡༣། ༉ བཀྲིས་སྒང་རྫོང་ཁག་ མེ་རག་དང་ སག་སྟེང་རྒེད་འོག་གི་འབྱོགཔ་ཚུ་གིས་ ཤ་བཙོང་ནི་དེ་ མར་ཕབ་འབད་བའི་ཤུལ་ལུ་ ཕོངས་མེད་ ར་ལྡི་ དེ་ལས་ གཤོང་ཕུ་རྒེད་འོག་ཚུ་ནང་ ནོར་ཤ་གནམ་མེད་ས་མེད་ཅིག་ མི་མཐོང་དོ་ཡོདཔ་ཨིན་པས།

རྫོང་ཁག་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཤ་མ་ཐོབ་མི་དེ་ རྒེད་འོག་ཚོགས་སྡེ་དང་ རྫོང་ཁག་ཚོགས་འདུ་ཚུ་ནང་ སྲོག་གཅོད་བཀག་དམ་འབད་དགོ་པའི་སྐོར་ལས་ སླབ་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།


ཕོངས་མེད་རྒཔོ་ དཔལ་ལྡན་རྡོ་རྗེ་གིས་འབད་བ་ཅིན་ འབྱོགཔ་ཚུ་གིས་ ཧེ་མ་བཟུམ་སྦེ་ ནོར་ཤ་བཙོང་ནི་མེད་པར་ གནམ་མེད་ས་མེད་ མར་བབས་ཡར་སོ་ནུག་ཟེར་ཨིན་པས།

སྤྱི་ལོ་༢༠༡༢ ལུ་ སག་སྟེང་རྒེད་འོག་ནང་ རྒེད་འོག་ཚོགས་སྡེའི་ཞལ་འཛོམས་འཚོགས་པའི་སྐབས་ལུ་ སྲོག་གཅོད་བཀག་དམ་འབད་ཡོདཔ་ད་ ལོ་ངོ་དག་པ་གཅིག་གི་ཧེ་མར་ རྫོང་ཁག་ནང་ཡང་ སྲོག་གཅོན་བཀག་དམ་ཚུ་ འབད་ཡོདཔ་ཨིན་པས།


སག་སྟེང་དམངས་མི་ ཡེ་ཤེས་ཚེ་རིང་གིས་ བཤད་མི་དང་འཁྲིལཝ་ད་ སྲོག་གཅོད་བཀག་དམ་འབད་དགོ་མི་དེ་ཡང་ དང་པ་ ཆོས་ལྡན་གྱི་རྒྱལ་ཁབ་ཨིན་པའི་ཁར་ གཉིས་པ་ སེམས་ཅན་གྱི་ ནད་གཞི་ཚུ་ གཞན་ལུ་ཁྱབ་སྤེལ་མ་འགྱོ་ནིའི་ཐབས་ལུ་ ཨིན་ཟེར་ཨིན་པས།


འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་ ལྟ་རྟོག་པ་ ཀེ་བི་མོང་གར་གྱིས་འབད་བ་ཅིན་ རྫོང་ཁག་ཚུ་ནང་ སྲོག་གཅོད་བཀག་དམ་འབད་བའི་ཤུལ་ལུ་ ཤ་ནོར་གྱི་དོན་ལུ་ སེམས་ཅན་བསད་ནི་དེ་ ཁྲིམས་འགལ་གྱི་གྲངས་སུ་ རྩིསཝ་ཨིན་ཟེར་ཨིན་པས།


སག་སྟེང་ སྒོ་ནོར་རྒྱ་བསྐྱེད་ལས་ཚབ་ བསྟན་འཛིན་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སག་སྟེང་བཟུམ་གྱི་ གཡུས་སྒོའི་ནང་འབད་བ་ཅིན་ ད་ལྟོ་ ཤའི་ཐོན་སྐྱེད་དེ་ མར་བབས་མ་འགྱོ་བས་ཟེར་ཨིན་པས། 


གཡུས་མི་ཚུ་གིས་ ས་གནས་ ར་ལྡི་དང་ ཕོངས་མེད་ཚུ་ནང་ ཤ་མ་བཙོང་མི་དེ་ ཁྲིམས་ལུགས་དང་འཁྲིལ་བའི་ ཉེས་ཁྲིམས་ཕོག་འོང་ཟེར་བའི་ འདྲོག་སྣང་ལུ་བརྟེན་ཏེ་ ཨིན་པས།


ཁོ་གིས་འབད་བ་ཅིན་ འབྱོགཔ་ཚུ་གིས་ རང་གི་ནོར་ཚུ་བདའ་ཞིནམ་ལས་ རྒྱ་གར་གྱི་ས་མཚམས་ ཨ་རུ་ན་ཅཱལ་པར་དེཤི་ཚུ་ནང་ ཚོང་འབྲེལ་འཐབ་ནིའི་ དཔའ་བཅམ་མི་ཡང་ ཐོནམ་མས་ཟེར་ཨིན་པས།


སྤྱི་ལོ་༢༠༡༢ ལུ་ ནོར་ཤ་ཀེ་ཇི་༦,༢༤༥ བཙོང་ས་ལས་ ཀེ་ཇི་༣༡༢ རྐྱངམ་གཅིག་ སེམས་ཅན་བསད་མིའི་ཤ་ཨིནམ་ད་ ལྷག་ལུས་ ནོར་རྦོབ་རིལ་ཏེ་ཤི་མི་དང་ གློ་བུར་དུ་ ཤི་མི་ཚུ་ཨིན་མས་ཟེར་ བཀྲིས་ནོར་བུ་གིས་ བཤདཔ་ཨིན་པས།


ག་དེམ་ཅིག་སྦེ་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་ལས་ ཉོགས་མེད་ཡི་གུ་མ་ལེན་པར་ ཤ་བཙོང་པ་ཅིན་ དེ་ཚུ་ལུ་ ཉེས་བྱ་བཀལ་དོ་ཡོདཔ་ཨིན་པས།


སྤྱི་ལོ་༢༠༡༢ ལུ་ རོང་འཐུང་གཡུས་ཚན་ལས་ ཨཔ་ཅིག་གིས་ ཤ་བཙོང་མི་ལུ་བརྟེན་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ བཀལ་ཡོདཔ་ཨིན་པས།


བཀྲིས་སྒང་རྫོང་ཁག་ཚོགས་འདུ་གིས་ སྲོག་གཅོད་བཀག་དམ་འབད་ཡོདཔ་ལས་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ བཀྲིས་སྒང་ལུ་ ཤ་བཙོང་ནིའི་དོན་ལུ་ ཉོགས་མེད་ཡི་གུ་ཚུ་ མ་བྱིན་ཟེར་ ཀེ་བི་མོང་གར་གྱིས་ སླབ་ཨིན་པས།


བཀྲིས་སྒང་ལུ་ ཤ་ཁང་༧ ཡོད་མི་ཚུ་གིས་ ཤ་ཚུ་ རྒྱ་གར་རྒྱལ་ཁབ་ནང་ལས་ ནང་འདྲེན་འབད་དོ་ཡོདཔ་ད་ སྤྱི་ལོ་༢༠༡༢ ལུ་ རྒྱ་གར་ལས་ ནོར་ཤ་ ཀེ་ཇི་༢༥,༣༩༧ ནང་འདྲེན་འབད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།
 

No comments:

Post a Comment