གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་གྲུའི་སྡོད་ཁྲི་ཚུ་ རིམ་སྒྲིག་འབད་ནི།

འབྲུག་གི་གནམ་གྲུ།
 ༡༡/༠༡/༢༠༡༣། ༉ ཤུལ་མའི་ཟླཝ་ནང་ལས་ འབྲུག་མཁའ་འགྲུལ་གྱི་ སྤྱིར་བཏང་དབྱེ་ཁག་སྡོད་ཁྲི་(ཨི་ཀོ་ནོ་མི་ ཀ་ལཱསི་)དང་ དམིགས་བསལ་དབྱེ་ཁག་སྡོད་ཁྲི་(བི་ཟི་ནེསི་ ཀ་ལཱསི་)ཚུ་ རིམ་སྒྲིག་འབད་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༢ པའི་ནང་ལས་ འབྲུག་མཁའ་འགྲུལ་གྱི་ འཕུར་འགྲུལ་དུས་ཚོད་དང་ ལས་རིམ་ཚུ་ བསྒྱུར་བཅོས་འགྱོ་ནི་ཨིནམ་མ་ཚད་ མཁའ་འགྲུལ་ལང་མ་ཚུགས་པའི་ དཀའ་ངལ་ཚུ་ཡང་ འཐོན་འོང་ཟེར་ འབྲུག་མཁའ་འགྲུལ་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།


འབྲུག་མཁའ་འགྲུལ་ལུ་ གནམ་གྲུ་༣ ཡོད་ས་ལས་ སྤྱི་ཟླ་༢ པའི་ནང་ གནམ་གྲུ་༢ འཕུར་འགྲུལ་འབད་ནི་ཨིནམ་ད་ ད་ལྟོ་ སྤྱིར་བཏང་དབྱེ་ཁག་ནང་ སྡོད་ཁྲི་༩༤ ཡོད་ས་ལས་༡༠༢ ལུ་ ཡར་སེང་འབད་ནི་ཨིནམ་ད་ དེ་བཟུམ་སྦེ་ དམིགས་བསལ་དབྱེ་ཁག་ནང་ སྡོད་ཁྲི་༢༠ ཡོད་མི་དེ་༡༦ ལུ་ མར་ཕབ་འབད་ནིའི་དོན་ལུ་ ཧོང་ཀོང་ལུ་ གཏང་ནི་ཨིན་པས།

འབྲུག་མཁའ་འགྲུལ་གྱི་ ཚོང་བསྒྲགས་འཛིན་སྐྱོང་པ་ ཨྱོན་པི་རྡོ་རྗེ་གིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ གནམ་གྲུ་རེ་རེ་གི་ སྡོད་ཁྲི་རིམ་སྒྲིག་འབད་ནིའི་དོན་ལུ་ ཉིན་གྲངས་༡༠ དེ་ཅིག་ འགོར་ནི་མས་ཟེར་ཨིན་པས།
ཚོང་མགྲོན་པ་ཚུ་གི་དོན་ལུ་ འཕུར་འགྲུལ་དུས་ཚོད་ཚུ་ དུམ་གྲ་རེ་ ཕྱིས་ནི་མ་གཏོགས་ དཀའ་ངལ་སྦོམ་ཅིག་ ག་ཅི་ཡང་མི་འབྱུང་ཟེར་ཨིན་པས།


གནམ་གྲུ་ཚུ་གི་ སྡོད་ཁྲི་ཚུ་ རིམ་སྒྲིག་འབད་དོ་ཡོདཔ་བཞིན་དུ་ གནམ་གྲུ་གསར་བཙུགས་འབད་མི་ཚུ་གི་ འཕུར་འགྲུལ་ལས་རིམ་ཚུ་ བཟོ་བའི་བསྒང་འབད་ནི་དེ་གིས་ ད་ལྟོ་ གནམ་གྲུའི་སྡོད་ཁྲི་ཚུ་ བཀག་བཞག་སྟེ་ཡོད་ཟེར་ཨིན་པས།


གནམ་གྲུའི་འཕུར་འགྲུལ་དུས་ཚོད་ཀྱི་ ལས་རིམ་ཚུ་ བདུན་ཕྲག་འདི་ནང་འབད་ནི་ཨིནམ་ད་ དེ་གི་ཤུལ་ལས་ སྡོད་ཁྲི་ཡོད་མེད་ཚུ་ ཤེས་ཚུགས་ཟེར་ ཨྱོན་པི་རྡོ་རྗེ་གིས་ སླབ་ཨིན་པས།


སྤྱི་ཟླ་༢ པའི་ནང་འབད་བ་ཅིན་ འཕུལ་འགྲུལ་འབད་མི་ གནམ་གྲུའི་གྱངས་ཁ་དེ་ དུམ་གྲ་ཅིག་ མར་འབབ་འགྱོ་འོང་ཟེར་ཨིན་པས།


དེ་ཡང་ བེང་ཀོག་ལུ་ བདུན་ཕྲག་༡ ནང་ འཕུར་འགྲུལ་ཐེངས་༧ དང་ ཀཱཐ་མཱན་ཌུ་ལུ་ཐེངས་༤ སིངྒ་པོར་ལུ་ཐེངས་༢ ཀཱལ་ཀ་ཏ་ལུ་ཐེངས་༢ དང་ ལྡི་ལི་ལུ་ཐེངས་༤ དེ་བཟུམ་སྦེ་ བཱག་ཌོ་ར་དང་ གུ་ཧ་ཊི་ དེ་ལས་ ཌ་ཀ་ལུ་ འཕུར་འགྲུལ་ཐེངས་༢ འབད་ནི་ཨིན་པས།


འབྲུག་མཁའ་འགྲུལ་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གནམ་གྲུའི་སྡོད་ཁྲི་ རིམ་སྒྲིག་འབད་དགོ་མི་དེ་ཡང་ དམིགས་བསལ་དབྱེ་ཁག་གི་ སྡོད་ཁྲི་དེ་ ལྟ་བཤལཔ་ལེ་ཤ་འོང་པའི་སྐབས་ལུ་མ་གཏོགས་ དུས་ཚོད་གཞན་ཚུ་ནང་ ལག་ལེན་འཐབ་མི་མིན་འདུག་ཟེར་ཨིན་པས།


དེ་འབདཝ་ད་ གནམ་གྲུ་གི་ སྡོད་ཁྲི་རིམ་སྒྲིག་འབད་ནི་དེ་ སྤྱི་ཟླ་༢ པའི་ནང་ མཇུག་བསྡུཝ་སྦེ་ འབད་ནི་ཨིནམ་ད་ དེ་ཡང་ སྤྱི་ཟླ་༣ པ་དང་༤ པའི་ནང་ རྒྱལ་ཁབ་ནང་ ལྟ་བཤལཔ་ཚུ་ འོང་ནི་གི་ དུས་ཚོད་འབད་ནི་དེ་གིས་ཨིན་པས།


སྤྱི་ཟླ་༢ པའི་ཟླ་ཕྱེད་ལས་ འགོ་བཙུགས་ཏེ་ སྤྱི་ཟླ་༥ པའི་ཟླ་ཕྱེད་ཚུན་ རླུང་འཚུབས་འཕུ་བའི་ དུས་ཚོད་འབད་ནི་དེ་གིས་ ཉིན་མ་ཆུ་ཚོད་༡༢ ལས་ གནམ་གྲུ་ཆགས་ནི་དང་ འཕུར་ནི་ཚུ་ བཀག་ཆ་འབདཝ་ཨིན་ཟེར་ འབྲུག་མཁའ་འགྲུལ་གྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།


ཧེ་མ་འབད་བ་ཅིན་ ལྟ་བཤལ་པའི་ཚོང་ལཱ་འབད་མི་ཚུ་དང་ འབྲུག་མཁའ་འགྲུལ་གྱིས་ སྤྱི་ཟླ་༡༢ པ་དང་༡ པ་༢ པ་༣ པ་དེ་ ལྟ་བཤལཔ་ལེ་ཤ་འོང་ནི་མེདཔ་སྦེ་ བརྩི་དོ་ཡོདཔ་རུང་ སྤྱི་ལོ་༢༠༡༡ ལས་ཚུར་ ལྟ་བཤལཔ་འོང་མིའི་གྱངས་ཁ་ ཡར་སེང་སོང་ཡི་ཟེར་ཨིན་པས།


འབྲུག་མཁའ་འགྲུལ་གྱིས་ ལྟ་བཤལཔ་གངམ་མེད་པའི་ དུས་ཚོད་ཚུ་ནང་ གནམ་གྲུའི་ཤོག་འཛིན་གྱི་ གླ་ཆ་མར་ཕབ་རྐྱབ་ཞིནམ་ལས་ ལྟ་བཤལཔ་འོང་བཅུག་ནི་ལུ་ སེམས་ཤུགས་བསྐྱེདཔ་ཨིན་ཟེར་ འབྲུག་མཁའ་འགྲུལ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་  སླབ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།


No comments:

Post a Comment