གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེས་འཛུགས་འབད་མི་ལུ་ མ་བདེན་པའི་གནད་ཁུངས།

༡༡/༠༡/༢༠༡༣། ༉ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་འབད་བ་ཅིན་ ཁོ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་འབད་མི་དེ་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ སྤྱི་ཟླ་༡ པའི་ཚེས་༩ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཤེར་ལན་ཕུལ་མིའི་ནང་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དེ་ གཞུང་གིས་གནང་མི་ བཀའ་རྒྱ་ཚུ་དང་འཁྲིལ་ཏེ་ འབད་ཡི་ཟེར་ཨིན་པས།

དེ་ཡང་ ས་ཆ་བགོ་བཀྲམ་ཐེངས་༣ འགོ་འདྲེན་འཐབ་ཡོདཔ་ལས་ དེ་བསྒང་ འབྲེལ་ཡོད་ལྷན་ཁག་གིས་གནང་མི་ བཀའ་རྒྱ་དང་ལམ་ལུགས་ཚུ་དང་འཁྲིལ་ བགོ་བཀྲམ་འབད་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ གཞུང་གི་བཀའ་རྒྱ་དང་ ཁྱབ་བསྒྲགས་ཚུ་ནང་ ས་ཆ་དེ་ ཚོང་གི་ལག་ཁྱེར་འཆང་མི་དང་ གཞན་མི་ངོམ་ཚུ་ སེམས་ཁར་བཞག་སྟེ་ བགོ་བཀྲམ་འབད་དགོ་ཟེརཝ་མ་གཏོགས་ གཞན་མི་ཚུ་ལུ་ ས་ཆ་དེ་ རྩ་ལས་ར་ སྤྲོད་མི་ཆོག་ཟེར་ བཀོད་དེ་མིན་འདུག་ཟེར་ཨིན་པས།


ཚོགས་དཔོན་གྱིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་ཀྱི་ ཞིབ་དཔྱད་འབད་ནི་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་དང་འཁྲིལ་ཏེ་ འགན་འཁྲི་འབག་དགོཔ་སྦེ་ བཀོད་དེ་འདུག་ཟེར་ཨིན་རུང་ ད་ལྟོའི་ གནས་སྟངས་ནང་བལྟ་བ་ཅིན་ ངན་ལྷད་ཀྱི་བཅའ་ཁྲིམས་དེ་ སྤྱི་ལོ་༢༠༡༡ ལས་མ་གཏོགས་ ཆ་འཇོག་མ་གྲུབ་རུང་ ཁྲིམས་མཐུན་མིན་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁོང་རའི་ ལྷན་ཚོགས་ཀྱི་ བཅའ་ཁྲིམས་ཀྱི་དགོངས་དོན་ལས་འགལ་ཏེ་ ལཱ་འབད་དོ་ཡོདཔ་ལས་ མ་འོངས་པ་ལུ་ མི་སེར་གྱིས་ ཁྲིམས་མཐུན་བཙག་འཐུ་ལས་གྲུབ་པའི་ གཞུང་དེ་ལུ་ གཙུག་སྡེ་རེ་༢ ཀྱིས་ ཧྲམ་གཏང་ཚུགས་པའི་ ཁྲིམས་འབྲེལ་ཁྱུན་ལམ་བཟོ་དོ་བཟུམ་ཅིག་ཨིནམ་ལས་ ཁྲིམས་འབྲེལ་ཁྱུན་ལམ་ བཟོ་ནི་མི་འོང་ཟེར་ཨིན་པས།


ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་ཆོག་ནི་དེ་ ཁོང་རའི་ བཅའ་ཁྲིམས་ཆ་འཇོག་འབད་ཞིནམ་ལས་རྐྱངམ་གཅིག་ ལག་ལེན་འཐབ་ཆོག་ཟེར་ཨིནམ་ད་ ཨིན་རུང་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་མ་ཐོན་པའི་ སྔ་གོང་ལས་ ཞིབ་དཔྱད་འབད་ཆོག་ཟེར་ གོ་བ་ལེན་མི་དེ་ལུ་ ཁོ་གིས་ ངོས་ལེན་འབད་ནི་མི་འོང་་ཟེར་ཨིན་པས།


དེ་མ་ཚད་ ཁོ་གིས་ཞུ་མིའི་ནང་ སྤྱི་ལོ་༡༩༨༧ ལུ་གནང་མི་ བཀའ་རྒྱ་དང་འཁྲིལཝ་ད་ ས་ཆ་གནང་མ་ཆོགཔ་སྦེ་ཡོད་རུང་ སྤྱི་ལོ་༡༩༩༡ ལུ་ རྫོང་སྡེ་སྤྱི་ཁྱབ་བརྒྱུད་དེ་གནང་མི་ མི་དབང་མངའ་ཞབས་མཆོག་གི་ བཀའ་ལུ་གཞི་བཞག་སྟེ་ བགོ་བཀྲམ་འབད་ཡོདཔ་ལས་ སྤྱི་ལོ་༡༩༨༧ གྱི་བཀའ་རྒྱ་དེ་ ཆ་མེད་འགྱོ་དགོཔ་ཨིན་མས་ཟེར་ཨིན་པས།


སྤྱི་ལོ་༢༠༠༡ ལུ་ ཞབས་ཏོག་ལྷན་ཁག་འོག་གི་ ཁྲོམ་སྡེ་གོང་འཕེལ་དང་ཁྱིམ་བཟོ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་གྱིས་གནང་མི་ ཁྱབ་བསྒྲགས་དེ་ སྤྱི་ཚོགས་ཀྱིས་བཟོ་མི་ བཅའ་ཁྲིམས་དང་ མི་དབང་མངའ་བདག་རྒྱལ་པོ་གིས་ བཀའ་རྒྱ་༢ ཆ་མེད་གཏང་ནིའི་དབང་ཚད་མེདཔ་ལས་ དེ་ལུ་ ངོས་ལེན་འབད་དགོཔ་མེད་ཟེར་ཨིན་པས།


གཞུང་གིས་ དབང་ཚད་གནང་མི་དང་འཁྲིལ་ ས་ཆ་བགོ་བཀྲམ་མ་འབད་བས་ཟེར་ བཀོད་མི་དེ་ མི་བདེན་ཟེར་ཨིནམ་ད་ ས་ཆའི་ རྒྱ་ཚད་འདྲ་མཉམ་མེད་མི་དེ་ཡང་ འབྲེལ་ཡོད་ལྷན་ཁག་ལས་གནང་མི་ ཁྱབ་བསྒྲགས་དང་ ཁྲོམ་གྱི་ས་ཁྲ་དང་འཁྲིལ་ཏེ་ བགོ་བཀྲམ་འབད་ཡི་ཟེར་ཨིནམ་ད་ ས་རིན་སྤྲོད་ཚུགས་མི་ཚུགས་དང་ རང་སོའི་ དགོས་མཁོ་དང་འཁྲིལ་སྤྲོད་ཅི་ཟེར་ཨིན་པས།


ས་ཆ་བགོ་བཀྲམ་གྱི་ དབང་ཚད་དེ་ ས་གནས་ཀྱི་ རྫོང་བདག་ཚུ་ལུ་གནང་སྟེ་ཡོདཔ་ལས་ གཞུང་གིས་གནང་མི་བཀའ་རྒྱ་དང་འཁྲིལ་བགོ་བཀྲམ་འབད་ཡོདཔ་མ་གཏོགས་ ཚུལ་མིན་ཐོག་ལས་ བགོ་བཀྲམ་འབད་དེ་མེད་ཟེར་ཨིནམ་ད་ གལ་སྲིད་ མེན་ཟེར་བ་ཅིན་ མི་ངོ་ག་དང་ག་གིས་ ས་མ་ཐོབ་པར་ཡོདཔ་ཨིན་ན་ བཤེར་ཡིག་གི་ ཐོ་ཡིག་ནང་ བཀོད་གནང་དགོ་ཟེར་ཨིན་པས།


ས་ཆ་བགོ་བཀྲམ་དེ་ འབྲུག་གི་ ཁྲོམ་སྡེ་ལས་འཛིན་གྱི་ བཅའ་ཁྲིམས་དང་འཁྲིལ་ཏེ་ འབད་ཡི་ཟེར་ཨིནམ་ད་ དེ་ནང་ ས་ཆ་དང་ཁྱིམ་ཚུ་ ཉོ་ནི་དང་ གླ་ཁར་ལེན་ནི་ ས་ཆ་དང་ཁྱིམ་གཞུང་དོན་ལུ་ལེན་ནི་ གཞན་ལུ་བཙོང་ནི་ གླ་ཁར་གཏང་ནི་ཚུ་ འབད་ཆོགཔ་སྦེ་ ཡོད་ཟེར་ཨིན་པས།


རྒྱལ་པོའི་ཞིང་གི་ ཁྲོམ་ས་ཐོབ་མི་ཚུ་ལུ་ མི་དབང་མངའ་ཞབས་ལས་ ཤིང་ཆའི་སྐྱིད་སྡུག་གནང་མི་དེ་ཡང་ ས་ཆ་བགོ་བཀྲམ་ཚུལ་མཐུནམ་སྦེ་ འགྱོ་ཡོད་མི་ལུ་བརྟེན་ཏེ་ གནང་ནུག་ཟེར་ཨིནམ་ད་ ད་རེས་ནངས་པ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལོ་ངོ་བཅུ་ཕྲག་ལས་བཅད་པའི་ རྩོད་གཞི་བཙུགས་མི་དེ་ཡང་ ཁྲིམས་མཐུན་མེད་པའི་གུ་ དབང་ཚད་ལོག་སྤྱོད་འབདཝ་མས་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང།

No comments:

Post a Comment