ཕུན་ཚོགས་གླིང་ལུ་གྱང་ནི་ འགོ་དང་པ་ཨིནམ།
༡༡/༠༡/༢༠༡༣། ༉ དུས་ཅི་གནམ་དགུན་ ས་གནས་ཕུན་ཚོགས་གླིང་ལུ་ ཨ་རྟག་དང་ མ་འདྲཝ་ཅིག་སྦེ་ གྱང་དོ་ཡོད་པའི་ཚོར་སྣང་བྱུང་ཡོདཔ་ཨིན་པས།
དེ་ཡང་ མི་ལ་ལུ་ཅིག་གིས་ གནམ་གཤིས་འགྱུར་བགྲོད་ལས་བརྟེན་ཏེ་ཨིན་མས་ཟེར་ སླབ་པའི་ཁར་ ས་གནས་གཞན་ཁ་ལས་ ཕུན་ཚོགས་གླིང་ལུ་ འོང་མི་ཚུ་གིས་ཡང་ ཨ་རྟག་དང་ མ་འདྲཝ་ཅིག་སྦེ་ གྱངམ་མས་ཟེར་ སླབ་དོ་ཡོདཔ་ཨིན་པས།
ཧཱ་དང་ བུམ་ཐང་གི་ མི་སེར་ལ་ལུ་ཅིག་ ཕུན་ཚོགས་གླིང་ལུ་ ཨ་རྟག་བཟུམ་སྦེ་ དྲོ་ཏོག་ཏོ་འོང་ཟེར་མནོ་སྟེ་ འོང་ཡོདཔ་ཨིན་རུང་ གནམ་གཤིས་གནས་སྟངས་དེ་ ཨ་རྟག་དང་ རྩ་ལས་ར་ མི་འདྲ་བའི་གཞིས་གནས་ཅིག་ལུ་ གྱུར་ནུག་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༢༠ ལས་ གྱང་ནི་ འགོ་བཙུགས་ཅི་ཟེར་ཨིནམ་ད་ དུས་ཅི་གི་གྱང་ནི་དེ་ ཕྱི་རུ་རྐྱངམ་གཅིག་མེན་པར་ ཉི་མ་ཡང་ གྱངམ་མས་ཟེར་ཨིན་པས།
སྐྱེས་ལོ་༤༥ ལང་མི་ བློ་བཟང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ ཕུན་ཚོགས་གླིང་ལུ་སྡོད་དེ་ ལོ་ངོ་༡༠ ལང་ཡོདཔ་ལས་ ད་ལྟོ་ཚུན་ཚོད་ཀྱི་ནང་འཁོད་ལུ་ ཁོ་གིས་ གནམ་དགུན་ གཟུགས་ཁ་ ཇེ་ཀེཊ་གྱོན་དགོཔ་ར་མ་ཐོན་ཟེར་ཨིན་རུང་ སྤྱི་ཟླ་༡ པའི་ཚེས་༨ ཀྱི་ཚེ་ ཁྱིམ་ནང་ལས་ ཕྱི་ཁར་ཡང་ ཐོན་མི་ཚུགས་པ་ཇེ་ཀེཊ་གྱོན་དགོཔ་བྱུང་ཡི་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་སྡོད་མི་ཚུ་ གྱང་ནི་མེད་མི་ལུ་བརྟེན་ གནམ་དགུན་གྱི་ གོ་ལ་ཉོ་དགོ་པའི་ དཔྱད་རིག་ར་ བཏང་ནི་མེད་ཟེར་ཨིན་པས།
ལས་འཛིན་གཅིག་ནང་ ལཱ་འབད་མི་ རིག་འཛིན་ཆོས་སྒྲོན་གྱིས་ ཀུན་གསལ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ མོ་གིས་ ཡིག་ཚང་ནང་ ཇེ་ཀེཊ་རིངམོ་དང་ ལྷམ་བུཊ་གྱོན་འགྱོ་ནི་དེ་ དུས་ཅི་འགོ་དང་པ་ ཨིན་ཟེར་ཨིན་པས།
ས་གནས་ནང་གི་ མི་སེར་མང་ཤོས་ཅིག་གིས་ ཨ་རྟག་འབད་བ་ཅིན་ ཁྱིམ་ནང་ ཧི་ཊར་ལག་ལེན་འཐབ་སྲོལ་མེད་དེ་འབད་རུང་ ད་ལས་ཕར་ ཧི་ཊར་ ལག་ལེན་འཐབ་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ ལོ་ངོ་༡༠ གྱི་ཧེ་མ་ལས་ར་ ལཱ་འབད་སྡོད་མི་ བི་ཇེ་གིས་འབད་བ་ཅིན་ ཁོ་གིས་ ཕུན་ཚོགས་གླིང་ལུ་ ལོ་༡༠ ལྷགཔ་ཅིག་ ལཱ་འབད་སྡོད་ཡོདཔ་ཨིན་རུང་ དུས་ཅི་བཟུམ་མའི་ གནམ་གཤིས་བསིལ་དྲགས་ཀྱི་ཚོར་སྣང་བྱུང་མ་མྱོང་ཟེར་ སླབ་ཨིན་པས།
དུས་ཅི་ ཕུན་ཚོགས་གླིང་ལུ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ གྱང་ཡོདཔ་ཨིན་རུང་ ས་གནས་ནང་ ཧེ་མ་བཟུམ་སྦེ་ར་ འོང་དོ་ཡོདཔ་ལས་ ཚོང་འབྲེལ་ལུ་ཡང་ ཐོ་མ་ཕོག་ཟེར་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
Subscribe to:
Post Comments (Atom)
No comments:
Post a Comment