ཀུན་གསལ་ལས་འཛིན་གྱི་ ལས་བྱེདཔ་ཚུ་གིས་ ཁྲག་གི་ཞལ་འདེབས་བྱིན་པའི་བསྒང་། |
དེ་ཡང་ གནམ་དགུན་གྱི་དུས་ཚོད་ཁར་ སློབ་ཕྲུག་ཨ་ལུ་ཚུ་ ངལ་གསོ་སྦེ་ བཞག་པའི་སྐབས་ལུ་ སྨན་བཅོས་འབད་བར་འོང་མི་དང་ གཤག་བཅོས་འབད་མི་ ཨམ་སྲུ་ཨ་ལུ་སྐྱེས་བའི་ཤུལ་ལུ་ ཁྲག་བླུགས་དགོ་མི་ སྣུམ་འཁོར་ཐུག་རྐྱེན་གྱི་ ནདཔ་ཚབས་ཆེན་ དེ་ལས་ མཁལ་རྡོག་མེདཔ་ཐལ་མི་ཚུ་ལུ་ ཁྲག་བླུགས་དགོཔ་ ལེ་ཤ་ཅིག་ར་འཐོན་ནི་དེ་གིས་ཨིན་པས།
སྤྱི་ལོ་༢༠༡༢ ལས་༢༠༡༣ ཟླ་༡ པའི་ཚེས་༡༠ ཚུན་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཁྲག་གསོག་མཛོད་ཁང་ནང་ མི་དད་ཅན་ཚུ་གིས་ ཞལ་འདེབས་དང་ ཁྲག་གི་སྦྱིན་པ་བཏང་མི་ཚུ་བསྡོམས་ ཁྲག་ཡུ་ནིཊ་༦༠༠༠ ལྷགཔ་ཅིག་ གསོག་འཇོག་འབད་ཡོདཔ་ཨིན་རུང་ ནདཔ་ཚུ་ལུ་ ཉིནམ་ཨ་རྟག་ར་ ཁྲག་ཡུ་ནིཌ་༡༨ ལས་༢༢ ཀྱི་བར་ན་ བླུགས་དགོཔ་བྱུང་མི་ལུ་བརྟེན་ གསོ་བའི་ལས་བྱེདཔ་ཚུ་ལུ་ དོ་འགྲན་ཅན་སྦེ་ཡོདཔ་ཨིན་པས།
ཁྲག་གསོག་འཇོག་འབད་མིའི་ ལས་བྱེདཔ་ཚུ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ཁྲག་ཨེ་པོ་ཟི་ཊིབ་དང་ ཨོ་ཚུ་མ་ལང་པར་ བདུན་ཕྲག་ལྷགཔ་ཅིག་སོང་ཡོདཔ་ལས་ ཁྲག་ཚར་ཅིག་བླུགས་བྱིན་པའི་ཤུལ་ལས་ ད་རུང་ བླུགས་དགོཔ་ཐོན་པ་ཅིན་ ནདཔ་ཁོང་ར་གིས་ ཁྲག་བྱིན་མི་འཚོལ་དགོཔ་སྦེ་ ཡོད་ཟེར་ཨིན་པས།
ཧཱ་རྫོང་ཁག་ལས་ ཨ་ལུ་སྐྱེས་མི་ཨམ་སྲུ་ སྐྱེས་ལོ་༣༢ འབད་མི་ ཡེ་ཤེས་དབང་མོ་གིས་ སླབ་མི་དང་འཁྲིལཝ་ད་ གཤག་བཅོས་འབད་དེ་ ཨ་ལུ་བཏོན་པའི་ཤུལ་ལུ་ སྨན་ཁང་ནང་ལས་ ཁྲག་ཨེ་པོ་ཟི་ཊིབ་ ཚར་ཅིག་བླུགས་པའི་ཤུལ་ལུ་ ད་རུང་ ཁྲག་དགོཔ་ཐོན་ཡོདཔ་ལས་ ཁྲག་བྱིན་མི་མ་ཐོབ་མ་ཚུགས་པར་ ཉིནམ་༥ གི་རྒྱབ་ལས་ མི་འཚོལ་ཏེ་ བླུགས་དགོཔ་ཐོནམ་ལས་ ལཱ་ཁག་བཏང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཨམ་སྲུ་མང་ཤོས་ཅིག་ ཨ་ལུ་སྐྱེས་ཚར་བའི་ཤུལ་ལུ་ གཟུགས་ཁ་ཁྲག་མེད་པར་ ཁྲག་བྲུགས་དགོཔ་ཐོན་རུང་ ལ་ལུ་ཅིག་ལུ་ འདི་བཟུམ་གྱི་དཀའ་ངལ་ཚུ་ མི་ཐོན་པས་ཟེར་ གསོ་བའི་ ཁྲག་གི་ལས་བྱེདཔ་ཚུ་གིས་ སླབ་ཨིན་པས།
སྤྱི་ལོ་༢༠༠༡༣ ལུ་ འགོ་ཐོག་ རྒྱལ་ཁབ་ནང་ ཁྲག་གི་སྦྱིན་པ་བཏང་ནིའི་ལས་རིམ་དང་འབྲེལ་ ཀུན་གསལ་ཡིག་ཚང་ནང་སྦེ་ ཁ་ཙ་ མི་༧༠ གིས་ ཁྲག་བྱིན་ནི་ལུ་ ཐོ་བཀོད་སྒྲུབ་པའི་གྲས་ལས་ མི་གྲངས་༦༠ གིས་ ཁྲག་སྦྱིན་པ་གཏང་ནི་ལུ་ ཁས་བླངས་འབད་ཡོདཔ་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་ ཁྲག་གསོག་འཇོག་འགོ་དཔོན་ བསྟན་འཛིན་རབ་རྒྱས་ཀྱིས་འབད་བ་ཅིན་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་ གཙོ་བོ་དེ་ ནདཔ་ཚུ་གིས་ ཁྲག་ཚབ་སྤྲོད་མ་དགོ་པར་ ཁྲག་སྦྱིན་པ་གཏང་མི་ཚུ་ལས་ ལངམ་སྦེ་ ཞལ་འདེབས་ལེན་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁྲག་བསྡུ་ལེན་འབད་ནིའི་ལས་རིམ་དེ་ ལྷན་ཁག་དང་ ལས་ཁུངས་ གཙུག་སྡེ་ ལས་འཛིན་ སྒེར་སྡེ་ བཟོ་སྐྲུན་སྤེལ་ཁང་ བཟོ་གྲྭ་འཕྲུལ་ཁང་ སྤེལ་ཁང་ དེ་ལས་ སློབ་གྲྭ་ཚུ་གིས་ ཁས་བླངས་འབད་མི་དང་འཁྲིལ་ འགོ་འདྲེན་འཐབ་དོ་ཟེར་ཨིནམ་ད་ ད་རིས་ལས་འགོ་བཙུགས་ རྒྱལ་ཁབ་ནང་འཁོད་ལས་ཕར་ ལག་ལེན་འཐབ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་སྦེ་ ཁྲག་གསོག་འཇོག་སྡེ་ཚན་ནང་ སྤྱི་ལོ་༢༠༡༢ ལུ་ ཁས་བླངས་ཀྱི་ཐོག་ལས་ ཁྲག་བྱིན་མི་ མི་གྲངས་༢༠༧༡ འོང་ཡོདཔ་ད་ ཁྲག་ཚབ་ཀྱི་དོན་ལུ་ མི་གྲངས་༥༥༤ འོང་ནུག་ཟེར་ ཨིནམ་མ་ཚད་ རྫོང་ཁག་༢༠ འི་ནང་ ཁས་བླངས་ཀྱི་ཐོག་ལས་ ཁྲག་སྦྱིན་པ་བཏང་མི་༦༠༠༠ ཐོན་ཡོད་པའི་གནས་ཐོ་ཚུ་ཡོདཔ་ཨིན་པས།
བསྟན་འཛིན་རབ་རྒྱས་ཀྱིས་འབད་བ་ཅིན་ ཁས་བླངས་ཀྱི་ཐོག་ལས་ ཁྲག་སྦྱིན་པ་བཏང་མི་གིས་ ཁོང་ཆ་ཁྱབ་ལུ་ ཕན་པ་སྦོམ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཁྲག་བཙག་པའི་ཤུལ་ལུ་ ཞིབ་དཔྱད་ལེགས་ཤོམ་སྦེ་འབད་དེ་ ནད་གཞི་ཡོད་མེད་དང་ རང་སོའི་གཟུགས་ཁ་ལུ་ ཁྲག་ལངམ་སྦེ་ཡོད་མེད་ཚུ་ ཤེས་རྟོགས་འབྱུང་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྲག་ནང་ནད་གཞི་ཡོད་པ་ཅིན་ སྨན་བཅོས་ག་ཅི་འབད་དགོཔ་འདུག་ག་ཚུ་གི་སྐོར་ལས་ ཤེས་ཚུགསཔ་མ་ཚད་ ལྷག་པར་དུ་ ཁྲག་བྱིན་མི་དེ་གིས་ མི་གཞན་གི་ སྲོག་སྐྱབས་འབད་ཚུགས་དོ་ཡོདཔ་ལས་ འདི་ཕྱི་གཉིས་ཀ་ལུ་ ཕན་ཐོགས་སྦོམ་ཡོད་ཟེར་ཨིན་པས།
ནདཔ་ཚུ་ལུ་ ཁྲག་དགོ་མི་ ག་དེམ་ཅིག་ཡོདཔ་ཨིན་ན་དང་ ཁྲག་འཐོབ་ནིའི་དོན་ལུ་ དཀའཝ་ག་དེ་སྦེ་ སྤྱད་དོ་ཡོདཔ་ཨིན་ན་ཚུ་ གསོ་བའི་ཁྲག་གི་ལས་ཕྲན་ནང་ལས་ ཤེས་ཚུགས་ཟེར་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment