དེ་གི་དོན་ལུ་ ལས་འཛིན་གྱིས་ ད་ལྟོ་ཡོད་པའི་ འགུལ་མེད་རྒྱུ་དངོས་ཉམས་བཅོས་སྡེ་ཚན་གྱི་འོག་ལུ་ ཉམས་བཅོས་སྡེ་ཕྲན་ཅིག་ གཞི་བཙུགས་འབད་ནི་དང་ སྡེ་ཕྲན་དེ་གིས་ གཞུང་དང་ ལས་འཛིན་ ལས་སྡེ་ དེ་ལས་ སྒེར་གྱི་སྒྲིང་ཁྱིམ་ཚུ་ ཉམས་བཅོས་འབད་ནི་གི་ ཞབས་ཏོག་རྐྱངམ་གཅིག་ བྱིན་ནི་ཨིན་པས།
ལས་འཛིན་གྱི་ གློག་མེ་སྡེ་ཚན་གྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་འོགམ་ ཚེ་རིང་རྡོ་རྗེ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ སྡེ་ཕྲན་དེ་ གཞི་བཙུགས་འབད་ཚར་བའི་ཤུལ་ལུ་ སྒྲིང་ཁྱིམ་ཚུ་ ཚོན་གཏང་ནི་དང་ བཟོ་ལཱ་ གློག་མེ་ རྡོ་བཟོ་བོ་ དེ་ལས་ འཐུང་ཆུའི་ཆུ་དུང་ཉམས་བཅོས་འབད་ནིའི་ ཞབས་ཏོག་ཁག་༥ བྱིན་ནི་ཨིན་ཟེར་ཨིན་པས།
སྡེ་ཕྲན་གཞི་བཙུགས་ཀྱི་སྐབས་ལུ་ ཧེ་མ་ལས་ཡོད་པའི་ ལས་བྱེདཔ་ཚུ་ གཞུང་གི་ཁྱིམ་ཉམས་བཅོས་ཀྱི་དོན་ལུ་དང་ སྡེ་ཕྲན་གསརཔ་གི་དོན་ལུ་ བགོ་བཤའ་རྐྱབ་ད་ ལང་མི་ཚུགས་ནི་ཨིནམ་ལས་ ལས་བྱེདཔ་གསརཔ་ བཙུགས་ནིའི་དོན་ལུ་ ཁྱད་རིག་མེད་མི་དང་ ཁྱད་རིག་དུམ་གྲ་རེ་ཡོད་མི་ དེ་ལས་ ཁྱད་རིག་ཅན་ཚུ་དགོ་པའི་ ས་སྟོང་གསལ་བསྒྲགས་འབད་དེ་ཡོད་ཟེར་ཨིན་པས།
ཨིན་རུང་ ལཱ་གཡོག་གི་དོན་ལུ་ ཁྱད་རིག་གི་གནས་ཚད་ གཞན་གྱིས་ སྤྲོ་བ་ལེན་དོ་ཡོདཔ་ཨིན་རུང་ ཁྱད་རིག་མེད་མི་ཚུ་གི་ཐད་ལུ་ལྷོདཔ་ད་ གོ་སྐབས་ལེན་མི་ མི་ཐོན་དོ་ཡོདཔ་ད་ གལ་སྲིད་ ཁྱད་རིག་མེད་མི་ཚུ་ མ་ཐོབ་སྟེ་འབད་རུང་ ལཱ་འབད་ནི་ལུ་ དཀའ་ངལ་སྦོམ་ཅིག་ མི་ཐོན་ཟེར་ཨིན་པས།
དང་འདོད་སྐྱེད་མི་ ཁྱད་རིག་མེད་མི་ཚུ་འོང་པ་ཅིན་ དེ་ཚུ་ ལཱ་འབད་མི་གཞན་ཚུ་གི་ ལས་རོགསཔ་སྦེ་ ལག་ལེན་འཐབ་ནི་ཨིན་ཟེར་ ཚེ་རིང་རྡོ་རྗེ་གིས་ སླབ་ཨིན་པས།
ཁྱད་རིག་མེད་མི་ཟེརཝ་ད་ ཧེ་མ་ལས་ གོང་ལུ་བཀོད་མི་ ཞབས་ཏོག་ལཱ་ཚུ་ནང་ འབྲེལ་གཏོགས་མ་འབད་མི་དང་ ཁྱད་རིག་དུམ་གྲ་རེ་ཡོད་མི་ཟེར་མི་དེ་ ཞབས་ཏོག་གི་ལཱ་དེ་ནང་ དམིགས་བསལ་སློབ་སྦྱོང་འབད་འབདཝ་མེད་རུང་ ལཱ་འབད་བའི་ཉམས་མྱོང་ཡོད་མི་ དེ་ལས་ ཁྱད་རིག་ཅན་ཟེར་མི་དེ་ ལག་ཤེས་སྦྱོང་བརྡ་སྤེལ་ཁང་ཚུ་ནང་ལས་ སློབ་སྦྱོང་འབད་མི་ཚུ་ལུ་ གོཝ་ཨིན་པས།
ད་རེས་ ལས་བྱེདཔ་གསརཔ་༢༠ དེ་ཅིག་ གསར་བཙུགས་འབད་ནི་ཨིནམ་ལས་ ཧེ་མ་ལས་ ལས་ཁུངས་ནང་ ལཱ་འབད་སྡོད་མི་ཚུ་བརྩིཝ་ད་ བསྡོམས་ཀྱིས་ ལས་ཁུངས་དང་ སྡེ་ཕྲན་༢ ནང་ ལཱ་འབད་མི་༨༠ དེ་ཅིག་ འོང་ནི་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ ལས་འཛིན་ནང་ ཉམས་མྱོང་ཅན་གྱི་མི་སྟོབས་ཚུ་ ལངམ་སྦེ་ཡོད་པ་གིས་མ་ཚད་ ལས་འཛིན་གྱི་ ཡིག་ཚང་ཅིག་འབད་ནི་དེ་གིས་ ཞབས་ཏོག་ལེན་མི་ཚུ་ལུ་ བློ་གཏད་ཅན་དང་ བྱ་སྟབས་བདེ་དྲགས་ཅིག་ལུ་ འགྱུར་འོང་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་གི་དོན་ལུ་ ལས་འཛིན་དང་ ལས་གཡོག་ལྷན་ཁག་༢ ཀྱི་བར་ན་ ཆིངས་ཡིག་ཅིག་ཡང་ བཟོ་སྟེ་ཡོདཔ་ད་ དེ་ནང་ ལས་འཛིན་གྱིས་ གཡོག་གི་གོ་སྐབས་སྤྲོད་ནི་དང་ ལྷན་ཁག་གིས་ ཁྱད་རིག་སྤྲོད་ནི་སྦེ་ ཁ་འཆམ་སྟེ་ ཡོད་ཟེར་ཨིན་པས།
དེ་མ་ཚད་ ལྷན་ཁག་གིས་ ད་ལྟོ་ ལག་ཤེས་སྦྱོང་བརྡར་ འབད་བའི་བསྒང་ཡོད་མི་ སློབ་སྦྱོང་པ་ཚུ་ གཡོག་གི་སྦྱང་བའི་དོན་ལུ་ ལས་འཛིན་ནང་ གཏང་ནི་ཨིན་པས།
ལས་འཛིན་ནང་ དེ་བཟུམ་མའི་ ཞབས་ཏོག་སྡེ་ཕྲན་ གཞི་བཙུགས་འབད་དགོ་མི་དེ་ཡང་ གཙོ་བོ་ར་ ཚོང་འབྲེལ་གྱི་དོན་ལུ་ཨིན་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཨིན་རུང་ ད་ཚུན་གྱི་བར་ན་ ཞབས་ཏོག་ལེན་ནི་ལུ་ དང་འདོད་བསྐྱེད་མི་ཚུ་ལས་ གླ་ཆ་ཚུ་ ག་དེ་སྦེ་ ལེན་ནི་ཨིན་ན་ གྲོས་ཐག་མ་བཅད་པར་ཡོདཔ་ད་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ གླ་འཐུས་ཚུ་ དུས་ཡུན་ཆུ་ཚོད་བཀག་སྟེ་ ལེན་ནི་ཨིན་ན་ ཡང་ཅིན་ ཉིནམ་རེའི་ རྩིས་རྐྱབ་སྟེ་ལེན་ནི་ཨིན་ན་ གྲོས་ཐག་བཅད་དགོཔ་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།
No comments:
Post a Comment