གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མ་དངུལ་ཆད་ལུས་ཐོན་མི་ཚུ་ ཟླཝ་༣ ནང་ ལོག་བཙུགས་དགོཔ།

༣/༡/༢༠༡༣   འགོ་དཔོན་ཚུ་གིས་ ཞག་དུས་ནང་ ངོས་ལེན་མ་འབད་བ་ཅིན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ སྙན་ཞུ་འབད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ།
༉ ལོ་ངོ་༧ དེ་ཅིག་གི་ཧེ་མར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ གསར་སྤང་རྫོང་ཁག་གི་ འགོ་དཔོན་དག་པ་ཅིག་གི་ མིང་ཐོ་ཁར་ རྩིས་ཆད་བཏོན་མི་ཚུ་ དུས་ཡུན་ཟླཝ་༣ གྱི་ནང་འཁོད་ལུ་ གཞུང་རྩིས་ནང་ ལོག་བཙུགས་དགོཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༢༨ ལུ་ གསར་སྤང་རྫོང་ཁག་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་མི་དང་འཁྲིལཝ་ད་ གལ་སྲིད་ འགོ་དཔོན་ཚུ་གིས་ མ་དངུལ་ཆད་ལུས་ཐོན་མི་ཚུ་ ཟླ་ངོ་༣ གྱི་ནང་འཁོད་ལུ་ ཚང་འགྲིགས་སྦེ་ གཞུང་ལུ་ སོར་ཆུད་མ་འབད་བ་ཅིན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ སྙན་ཞུ་འབད་དེ་ བདག་སྐྱོང་དང་འབྲེལ་བའི་ ངོས་ལེན་འབད་དགོཔ་ཨིན་པས།
འཁྲུན་ཆོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གསར་སྤང་རྫོང་ཁག་བདག་སྐྱོང་གིས་ ཧེ་མའི་འགོ་དཔོན་༦ དེ་ཅིག་གིས་ མ་དངུལ་ཆད་ལུས་ཐོན་མི་ཚུ་ ལོག་བཙུགས་མ་བཏུབ་མི་ལུ་བརྟེན་ ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་མི་དང་འཁྲིལ་ ཁྲིམས་ཀྱི་རིང་ལུགས་ལྟར་ རྩོད་ཟླ་ཚུ་ སྙན་གསན་གྱི་དོན་ལུ་ ཁྲིམས་འདུན་ལུ་ བཅར་དགོ་པའི་ བཀའ་རྒྱའི་ཡི་གུ་ ལན་ཐེངས་མང་རབས་ཅིག་བཏང་རུང་ ངོས་ལེན་འབད་མ་བཏུབ་ལས་ རྩོད་ཟླ་ཚུ་མེད་པའི་ འཁྲུན་ཆོད་གནང་དགོཔ་ ཐོན་ཡི་ཟེར་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ འགོ་དཔོན་ཚུ་གི་ མིང་ཐོག་ཁར་ རྩིས་ཆད་བཏོན་མི་ཚུ་གི་གྲས་ལས་ ཚེ་རིང་རྡོ་རྗེའི་མིང་ཐོག་ལུ་ དངུལ་ཀྲམ་ས་ཡ་༡.༠༧༠ ལྷགཔ་ཅིག་དང་ བསོད་ནམས་ཚེ་རིང་ལུ་ དངུལ་ཀྲམ་༨༦,༠༣༥ དེ་ལས་ ཀུན་ལེགས་ཚེ་རིང་གི་ མིང་ཐོག་ཁར་ དངུལ་ཀྲམ་ས་ཡ་༠.༥༧༦ ལྷགཔ་ཅིག་ཡོདཔ་ཨིན་པས།
དེ་ལས་ རྫོང་བདག་བགྲེསཔ་ བསོད་ནམས་ཟླ་བ་གི་ ཐད་ལུ་ལྷོདཔ་ད་ ཁོ་ར་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་བའི་སྐབས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཉོགས་མེད་དང་ རྩིས་མེད་ཀྱི་ ལག་ཁྱེར་སྤྲོད་མི་དེ་ ཉོགས་མེད་ཀྱི་ རྟགས་མཚན་ཨིནམ་ལས་ རྩིས་མེད་ཀྱི་གྲངས་སུ་ ཆ་འཇོག་གྲུབ་ཅི་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
རྒྱལ་ཁམས་ཀྱི་ རྒྱུ་ནོར་ཚུ་ ཚུལ་མཐུན་སྦེ་ སྤྱོད་དགོཔ་འདི་ ཞི་གཡོགཔ་ཚུ་གི་ འགན་ཁུར་ཨིནམ་ ག་ར་གིས་ ཐུགས་ཁར་བསྣམ་དགོཔ་བཞིན་དུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་ཀྱི་ བཅའ་ཁྲིམས་ལྟར་ འགན་ཁུར་འབག་ཐོག་ ཞིབ་དཔྱད་མཐིལ་ཕྱིན་མཛད་མི་ལུ་ ལྷན་ཁག་གི་ ཞི་གཡོགཔ་ཆ་མཉམ་གྱི་ འགན་ཁུར་ཨིན་ཟེར་བཀོད་ནུག།
དེ་བཟུམ་སྦེ་ དབང་འཛིན་གྱིས་ ཞིབ་དཔྱད་འབད་མི་དེ་ སྣང་མེད་སྦེ་ བཞག་པ་ཅིན་ དེ་གིས་ སྣང་མེད་བྱ་སྤྱོད་ཀྱི་ བརྡ་མཚོན་སྟོན་ནི་ཨིནམ་ལས་ འབྲེལ་ཡོད་ཡིག་ཚང་ཚུ་གིས་ རང་སོའི་མངའ་འོག་ལུ་ཡོད་པའི་ ཞི་གཡོགཔ་ཚུ་གིས་ མི་མང་གི་ རྒྱུ་དངོས་ཚུ་ ཚུལ་མིན་ཐོག་སྤྱོད་མི་ཐོནམ་ད་ རང་སོའི་བདག་སྐྱོང་གི་ ལམ་ལུགས་དང་འཁྲིལ་ གདོང་ལེན་འབད་དགོ་ཟེར་བཀོད་ནུག།
ཁྲིམས་འདུན་ལས་ རྩིས་ཞིབ་དབང་འཛིན་ལུ་ ཡང་བསྐྱར་དྲན་བསྐུལ་གནང་དགོ་མི་དེ་ཡང་ གཞུང་གཡོགཔ་ཚུ་གིས་ རང་སོའི་འགན་ཁུར་ ཚུལ་མཐུན་མ་འབག་པའི་ སྒྲུབ་བྱེད་འཐོན་པ་ཅིན་ རང་སོའི་འབྲེལ་ཡོད་དབང་འཛིན་ལུ་ སྙན་ཞུ་འབད་དགོཔ་ ཡོད་མི་ལུ་བརྟེན་ཏེ་ཨིན་ཟེར་བཀོད་ནུག།
རྒྱལ་ཁབ་འདི་ དམངས་གཙོའི་རིང་ལུགས་ལུ་གྱུར་ཏེ་ཡོདཔ་ལས་ རྩ་ཁྲིམས་ཅན་གྱི་ འགན་ཁུར་ཚུ་ལུ་ ངོས་ལེན་ལེགས་ཤོམ་སྦེ་ མཛད་འོང་མནོ་བའི་རེ་བ་ གསར་སྤང་རྫོང་ཁག་ཁྲིམས་འདུན་གྱི་ཁ་ཐུག་ལས་ཡོད་ཟེར་བཀོད་ནུག།
དེ་དང་འཁྲིལ་ ཞི་རྩོད་དང་བྱ་བའི་གནད་སྤྱོད་ཀྱི་ དགོངས་དོན་བཞིན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཚུལ་མཐུན་འཁྲུན་ཆོད་བསྟར་སྤྱོད་མཛད་དགོཔ་ད་ ད་རིས་ཀྱི་ འཁྲུན་ཆོད་དེ་ རྩོད་རྩ་རྫོང་ཁག་བདག་སྐྱོང་གིས་ བསྟར་སྤྱོད་འབད་དགོཔ་བཞིན་དུ་ གལ་སྲིད་ རྩོད་ཟླ་ཚུ་གིས་ ངོས་ལེན་མ་འབད་བ་ཅིན་ ཟླཝ༣ གྱི་ནང་འཁོད་ ཞི་གཡོག་ལྷན་ཚོགས་ལུ་ སྙན་ཞུ་འབད་དགོཔ་ཨིན་པས།
འཁྲུན་ཆོད་དོན་ཚན་༥.༦ པའི་ནང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་འདི་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་ནང་འཁོད་ཀྱི་ ཞི་གཡོགཔ་དང་ ཞི་གཡོག་དང་འབྲེལ་བའི་ སྲིད་བྱུས་ཀྱི་ འགན་འཁྲི་འབག་མི་ གཙུག་སྡེ་ཨིནམ་ལས་ ཞི་གཡོག་གི་ བཅའ་ཁྲིམས་དང་ བཅའ་ཡིག་ནང་འཁོད་ཀྱི་ དོན་ཚན་ཚུ་དང་འཁྲིལ་ ད་ལྟོའི་ཞི་གཡོགཔ་༣ ལུ་ ངོས་ལེན་འབད་དགོཔ་སྦེ་ ཁྲིམས་ཀྱིས་བཀའ་རྒྱ་གནང་ནུག།
ལྷན་ཚོགས་ཀྱིས་ ཞི་གཡོགཔ་༣ ལུ་ ངོས་ལེན་གྱི་ གྲོས་ཆོད་ཚུ་ ཁྲིམས་འདུན་ལུ་ ཕུལ་དགོཔ་ད་ འཁྲུན་ཆོད་དེ་ རྩོད་རྩ་དང་ ལྷན་ཚོགས་༢ ཆ་ར་གིས་ བསྟར་སྤྱོད་མ་འབད་བ་ཅིན་ ཁྱད་གསོད་ཀྱི་ ཉེས་བྱ་བཀལ་ནི་ཨིན་པས།
རྩོད་དོན་དེ་ཡང་ ན་ཧིང་ སྤྱི་ཟླ་༢ པའི་ཚེས་༡༦ ལུ་ དགེ་ལེགས་ཕུག་ལུ་འཚོགས་མི་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ཞལ་འཛོམས་ཀྱི་ གྲོས་ཆོད་དང་འཁྲིལ་ འགོ་དཔོན་༣ ལུ་ རྫོང་ཁག་བདག་སྐྱོང་གིས་ ཡིག་ཐོག་དང་ བརྒྱུད་འཕྲིན་ཐོག་ལས་ དྲན་གསོ་ག་དེམ་ཅིག་འབད་རུང་ ངོས་ལེན་འབད་མ་བཏུབ་མི་ལུ་བརྟེན་ ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment