གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལས་མི་༦༠ ལྷགཔ་ཅིག་གི་ སྦ་སྒོར་༢༦ མེ་གིས་འཚིགས་ཡོདཔ།

༣/༡/༢༠༡༣    ༉ ཁ་ཙ་ ཐིམ་ཕུ་ཁྲོམ་སྡེའི་ སྐྱེལ་འདྲེན་བཱསི་བཞག་སའི་ས་ཁོངས་དང་ ལྕང་ཟམ་པ་ལཱ་ཟ་གི་ ཉེ་འདབས་ལུ་ ལས་མི་ཚུ་སྡོད་སའི་ སྦ་སྒོར་གྱི་ས་ཁོངས་ནང་ དྲོ་པའི་ཆུ་ཚོད་༡༠ ལུ་ མེ་རྐྱེན་ཤོར་མིའི་ནང་ ལས་མི་ཚུ་གི་ དགོས་མཁོ་ཆེ་བའི་ ཅ་ཆས་ཚུ་ག་ར་ མེ་གིས་འཚིགས་ཡོད་རུང་ མི་ལུ་རྐྱེན་ངན་ཚུ་ མ་འབྱུངམ་ཨིན་པས།
ཁ་ཙ་ ཐིམ་ཕུ་ཁྲོམ་ཁར་ སྦ་སྒོར་༢༦ མེ་གིས་འཚིགས་པའི་བསྒང་།


ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ མེ་རྐྱེན་དེ་ ག་ཅི་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་ན་ ངེས་བདེན་འབད་མ་ཤེས་རུང་ ཞིབ་དཔྱད་ཚུ་འབདཝ་ད་ དྲོད་བཏགས་ཧི་ཊར་༡༦ དེ་ཅིག་ཐོབ་མི་དང་ ཆུ་དྲོད་བཏགས་ནིའི་ཧོད་ དེ་ལས་ བཞེས་སྒོ་འབད་མི་ལྕགས་ཐབ་ཚུ་ ཐོབ་ཡོདཔ་ལས་ ནུས་ཤུགས་འབག་མ་ཚུགས་པར་ མེ་རྐྱེན་བྱུང་ཡོདཔ་བཟུམ་ཅིག་ འདུག་ཟེར་ཨིན་པས།
མེ་རྐྱེན་བྱུང་མི་དེ་གིས་ འབྲུག་གི་ལྷོ་མཚམས་པ་ རྩ་བོ་༢ ཀྱི་སྦ་སྒོར་དང་ ལས་མི་རྩ་བོ་༢༥ ལྷགཔ་ཅིག་གི་ སྦ་སྒོར་ནང་ ལས་མི་༦༠ གི་ གདན་མལ་ཆ་དང་ བཞེས་སྒོ་འབད་ནིའི་ལྕགས་ཐབ་ རྫ་ཧོད་ དེ་ལས་ ཟླ་རིམ་གྱི་ གླ་འཐུས་དུམ་དྲ་རེ་ཡོད་མི་ཚུ་ག་ར་ ཐལ་བར་ བརླགས་བཏང་ཡོདཔ་ཨིན་པས།
མེ་རྐྱེན་བྱུང་བའི་སྐབས་ལུ་ ལས་མི་ཚུ་ག་ར་ སྒྲིང་ཁྱིམ་བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ དེ་ཡང་ འབྲུག་ཧོ་ཊཱལ་ཟ་ཁང་གི་ སྒྲིང་ཁྱིམ་བཟོ་སྐྲུན་དང་ ལས་མི་ལ་ལུ་ཅིག་ ཚོང་འབྲེལ་ལྟེ་བའི་ནང་ ལཱ་འབད་བའི་བསྒང་ཡོདཔ་ད་ སྦ་སྒོར་ནང་སྡོད་མི་ཚུ་ བྲོས་ཟུར་འབད་ཚུགས་ཡོདཔ་ཨིན་པས།
ཁྲོམ་སྡེའི་ སྐྱེལ་འདྲེན་བཱསི་གི་ས་ཁོངས་ནང་ལས་མཐོང་མི་ ཁྲིམས་སྲུང་འགག་པ་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ སྦ་སྒོར་ཚུ་ནང་ གློག་རྒྱུན་མཐུད་སྦྲེལ་འབད་ས་ལས་ མེ་ཟིམ་བྱུང་ཡོད་མི་ལས་ མེ་རྐྱེན་བྱུང་ཡི་ཟེར་ཨིནམ་ད་ གློག་རྒྱུན་གྱི་ཐགཔ་དེ་ འབྲུག་ཧོ་ཊེལ་ལས་སྡེ་གིས་ ཟད་འགྲོ་དངུལ་ཀྲམ་༨༠,༠༠༠ བཏང་སྟེ་ བཀྲམ་སྤེལ་འབད་ཚརཝ་ཅིག་ཨིན་པས།
ལས་མི་ལ་ལུ་ཅིག་གིས་འབད་བ་ཅིན་ སྦ་སྒོར་དེ་ནང་ གློག་མེ་མེད་པར་ ཉིནམ་༥ སྡོད་པའི་ཤུལ་ལུ་ ལས་སྡེ་གིས་ གློག་མེ་བཀྲམ་སྤེལ་འབདཝ་ཅིག་ཨིན་ཟེར་ སླབ་ཨིན་པས།
རྒྱ་གར་ཀཱོལ་ཀ་ཊ་ལས་ ཨ་བཱསི་གིས་ དགུན་གྱི་ངལ་གསོ་འགྱོ་ནི་དེ་ ཟླཝ་༡ ལས་མེདཔ་ལས་ ཁོ་གིས་ གསོག་འཇོག་འབད་བཞག་མི་ དངུལ་ཀྲམ་༣༥,༠༠༠ ཡོད་མི་དང་ གདན་མལ་ཆ་ བཀབ་གོ་ལ་ དེ་ལས་ བཞེས་སྒོ་བཟོ་ནིའི་ཅ་ཆས་ཚུ་ག་ར་ འཚིགས་ཡོདཔ་སྦེ་ སླབ་ཨིན་པས།
དེ་བཟུམ་སྦེ་ ལས་མི་༦༠ གིས་ ལཱ་འབད་ཆོག་པའི་ཆོག་ཐམ་དང་ བཙག་འཐུའི་ཆོག་ཐམ་ ངོ་སྤྲོད་ལག་ཁྱེར་ དེ་ལས་ དངུལ་བྱང་ཚུ་ མེ་གིས་འཚིགས་ཡོདཔ་མ་ཚད་ ལས་མི་ཚུ་གིས་ གསོག་འཇོག་འབད་མི་ དངུལ་ཀྲམ་༡༥༠༠ རེ་ཡོད་མི་ཚུ་ འཚིགས་སོ་ནུག་ཟེར་ ལས་མི་ཚུ་གིས་ སླབ་ཨིན་པས།
ཨིན་རུང་ ཁྲིམས་སྲུང་མེ་བསད་སྡེ་ཚན་གྱི་ སྣུམ་འཁོར་༥ དང་ གཞན་སྣུམ་འཁོར་ཚུ་ དེ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ རྒྱབ་སྐྱོར་ཐོག་ལས་ མེ་བསད་ཚུགས་ཏེ་ཡོདཔ་ལས་ གཞན་མཐའ་འཁོར་གྱི་ཁྱིམ་ཚུ་ མེ་གིས་འཚིགས་ནི་ལས་ ཆ་རོགས་འབད་ཚུགས་ཡོདཔ་ཨིན་པས།
རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལས་ གཟིམ་དཔོན་ཚུ་བྱོན་ཏེ་ གདན་མལ་ཆ་དང་ དགོས་མཁོ་ཆེ་བའི་ཅ་ཆས་ཚུ་ གནང་ཡོདཔ་མ་ཚད་ ལས་སྡེ་གིས་ ཉམས་རྒུདཔ་བྱུང་མི་ཚུ་ལུ་ བཞེས་སྒོ་དང་ ཉལ་སའི་ས་ཁོངས་ཚུ་ བྱིན་ཡོདཔ་ཨིན་པས།
ལས་སྡེ་གིས་ ལས་མི་༦༠ དང་ འབྲུག་གི་ལྷོ་མཚམས་པ་ རྩ་བོ་༢ ཀྱི་དོན་ལུ་ གདན་མལ་ཆ་དང་ བཀབ་གོ་ལ་ དེ་ལས་ དགོས་མཁོ་ཆེ་བའི་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ དངུལ་ཀྲམ་༧༠,༠༠༠ ལས་༨༠,༠༠༠ ཚུན་ བྱིན་ནི་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ཡང་ ས་ཁོངས་དེ་ནང་ མེ་རྐྱེན་བྱུང་སྟེ་ མི་ལེ་ཤ་ཅིག་ལུ་ སྡུག་བསྔལ་ཚད་མེད་མྱོང་ཡོདཔ་ད་ རྐྱེན་ངན་དེ་གི་སྐོར་ལས་ ད་ལྟོ་ ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་གིས་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment