ཟླ་ངོ་༡༥ འི་ནང་ མཇུག་བསྡུ་ནི་ཨིན་མི་ ཧིན་དུའི་ལྷ་ཁང་དེ་ རྒྱ་ཚད་དང་ རིང་ཚད་ མི་ཊར་༡༦ འབད་མི་ཅིག་ བཟོ་སྐྲུན་འབད་ནི་ཨིནམ་ད་ ལྷ་ཁང་གཙོ་བོ་དེ་ནང་ ནང་རྟེན་ པྲ་བཱ་ཅན་ བཙུགས་ནི་ཨིནམ་མ་ཚད་ ཐུན་གྱི་དཔེ་ཆ་ ལ་སོགས་པ་ཚུ་ཡང་བཙུགས་ཏེ་ དཔེ་མཛོད་ཡང་ གཞི་བཙུགས་འབད་ནི་ཨིནམ་མ་ཚད་ དཀོན་གཉེར་གྱི་ སྡོད་ཁྱིམ་ཡང་ བཟོ་སྐྲུན་འབད་དགོཔ་ཨིན་པས།
ཡེ་ཤེས་སྒྲོལ་མ། |
ལྷ་ཁང་བཟོ་སྐྲུན་འབད་མིའི་ ཚོགས་ཆུང་དེ་གིས་ མ་འོངས་པའི་ནང་ལུ་ མི་ལམ་འགྱོ་མ་ཚུགས་མི་ཚུ་གི་དོན་ལུ་ཡང་ སྡོད་ཁྱིམ་ཚུ་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཧིན་དུ་ལྷ་ཁང་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཚད་དཔག་མ་དངུལ་འདི་ དངུལ་ཀྲམ་ས་ཡ་༣༧ ལས་༤༠ འི་བར་ན་ཨིནམ་ད་ ཟད་འགྲོ་ཧྲིལ་བུམ་ གཞུང་གིས་གཏང་ནི་ཨིན་པས།
ལྷ་ཁང་གི་ས་ཆ་ ཨེ་ཀར་༢.༥༣ ཡོད་མི་གི་ བཟོ་བཀོད་དེ་ བཟོ་རིག་གྲོས་བསྟུན་གྱིས་ འབད་ཡོདཔ་ཨིན་པས།
ལྷ་ཁང་བཟོ་སྐྲུན་འབད་མི་འདི་ འབྲུག་ལུ་ཡོད་མི་ ཧིན་དུ་ཆོས་ལུགས་ཚོགས་པ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ དེ་ནང་འཐུས་མི་༧ ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཧིན་དུ་གི་ ལྷ་ཁང་བཟོ་སྐྲུན་འབད་ནིའི་དོན་ལུ་ ས་ཆ་གནང་མི་དང་ གནང་བ་གནངམ་མ་ཚད་ བཟོ་སྐྲུན་གྱི་མ་དངུལ་གནང་མི་དེ་ལུ་ ལྷོ་མཚམས་མི་སྡེའི་ མི་སེར་ཚུ་གིས་ བཀའ་དྲིན་བསམ་གྱིས་ མི་ཁྱབ་སྦེ་ཡོད་ཟེར་ ཞུཝ་ཨིན་པས།
ལམ་སྲོལ་དང་ སྲོལ་འཛིན་ལྷན་ཁག་གིས་ ལྷ་ཁང་བཟོ་སྐྲུན་འབད་ནིའི་ གྲོས་ཐག་བཅད་ཡོདཔ་ཨིན་རུང་ ལྷ་ཁང་གི་བཟོ་བཀོད་དེ་ འབྲུག་པའི་བཟོ་བཀོདཐོག་ལུ་སྦེ་ བཟོ་སྐྲུན་འབད་དགོཔ་ཡོདཔ་ཨིན་པས།
ད་ལྟོ་ ས་ཁོངས་ནང་ལུ་ ལྷ་ཁང་ གཞི་འགྱམ་གྱི་ལཱ་ཚུ་ འབྲུག་པའི་ལས་མི་༢༥ གིས་ འབད་དོ་ཡོདཔ་བཞིན་དུ་ གཞི་འགྱམ་བརྐོ་ཚར་ཞིནམ་ལས་ ལས་མི་ལེ་ཤ་སྦེ་ བཙུགས་ནི་ཨིན་ཟེར་ཨིན་པས།
དུར་ག་ཚོགས་སྡེའི་ གཙོ་འཛིན་ དཱ་ན་པ་ཏི་མིཤ་ར་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཀུན་གསལ་ཕོ་བྲང་གི་ ཧིན་དུའི་ལྷ་ཁང་ བཟོ་སྐྲུན་འབད་ཚར་ཞིནམ་ལས་ ད་ལྟོ་ སྐལ་སྐྱིད་སློབ་གྲྭ་ཆེ་བའི་ ཉེ་འདབས་ལུ་ཡོད་མིའི་ ལྷ་ཁང་དེ་ སྤོ་བཤུད་འབད་ནི་ཟེར་ སླབ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment