གྱིབ་ཀྱི་རྩྭ་གདན་གུ་ལུ་སྦེ་ ན་ཆུང་ཚུ་གིས་ སྦྱོང་བརྡར་འབད་བའི་བསྒང་། |
དེ་ཡང་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ རྒྱལ་སྤྱི་ཕུཊ་བཱོལ་ཚོགས་སྡེའི་དམིགས་གཏད་དང་ གཞི་རྩ་དང་འཁྲིལ་ཏེ་ འབྲུག་རྒྱལ་ཁབ་ནང་ཡང་ ཕུཊ་བཱོལ་རྩེ་ནིའི་མཁས་མཆོག་དང་ འཛམ་གླིང་ནང་ བཅའ་མར་གཏོགས་ཚུགས་ནིའི་དོན་ལུ་ ན་ཆུང་སྐྱེས་ལོ་༦ ལས་༡༢ མན་ཆད་འབད་མི་ཚུ་ལུ་ ཕུཊ་བཱོལ་རྩེ་ནིའི་རིག་རྩལ་དང་ ཤེས་ཡོན་ དེ་ལས་ སྤུས་ཚད་ཅན་བཟོ་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེ་ལས་ སློབ་སྟོན་པ་ཆོས་སྐྱིད་ཉི་མ་གིས་ སླབ་མི་དང་འཁྲིལཝ་ད་ ན་ཆུང་ཚུ་གི་ ཕུཊ་བཱོལ་རིག་རྩལ་གོང་འཕེལ་གཏང་ནིའི་ སློབ་སྟོན་ལས་རིམ་དེ་ སྤྱི་ཟླ་༡༢ པའི་ཚེས་༢༧ ལས་ འགོ་བཙུགས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ལས་རིམ་དེ་ནང་ བཅའ་མར་གཏོགས་མི་ ན་ཆུང་ བུཚ་དང་བུམོ་ བསྡོམས་ཀྱི་༣༠༠ ལྷགཔ་ཅིག་ འདུག་ཟེར་ཨིན་པས།
དམིགས་བསལ་ཅན་གྱི་ སློབ་སྟོན་ལས་རིམ་འགོ་འདྲེན་འཐབ་དགོ་མི་དེ་ ན་ཆུང་སྐྱེས་ལོ་༦ ལས་༡༢ འབད་མི་ཚུ་གི་ ཕུཊ་བཱོལ་རྩེ་ནིའི་ རིག་རྩལ་དང་ ཡོན་ཏན་ ལྕོགས་གྲུབ་ འཇོན་སྟངས་ ཐབས་ཤེས་ གནས་སྐབས་ བྱ་སྒོའི་ལག་ལེན་འཐབ་ཐངས་ཚུ་ དོ་འགྲན་ཅན་སྦེ་ རྩེ་ནིའི་ ཤེས་ཡོན་ཡར་སྤེལ་གཏང་ཐབས་ལུ་ ཨིན་ཟེར་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་ དཔལ་འབྱོར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ན་ཆུང་ཚུ་གི་ སློབ་སྟོན་ལས་རིམ་དེ་ ཕུཊ་བཱོལ་སློབ་སྟོན་པ་༡༨ ཀྱིས་ གཞི་རིམ་དང་འཁྲིལ་ཏེ་ སློབ་སྟོན་འབད་ཡི་ཟེར་ཨིནམ་ད་ དེ་ཡང་ སྡེ་ཚན་བཟོ་བཞག་མི་དང་འཁྲིལ་ཏེ་ སྟོན་བྱིན་ཡི་ཟེར་ཨིན་པས།
སློབ་སྟོན་པ་ཚུ་ཡང་ འབྲུག་ཕུཊ་བཱོལ་ཚོགས་སྡེ་ལས་ ཕུཊ་བཱོལ་རྩེད་འགྲན་སློབ་སྟོན་འབད་མི་ཚུ་གིས་ སྦྱོང་བརྡར་འབད་ཡོདཔ་ད་ ཁོང་ག་ར་ སློབ་གྲྭའི་སློབ་དཔོན་ཚུ་ཨིན་ཟེར་ཨིན་པས།
ཆོས་སྐྱིད་ཉི་མ་གིས་ འབད་བ་ཅིན་ གནམ་དགུན་ངལ་གསོའི་དུས་ཚོད་དང་འཁྲིལ་ ན་ཆུང་ཚུ་གི་ ཕུཊ་བཱོལ་རྩེད་འགྲན་འབད་ནིའི་ནང་ གོང་འཕེལ་གཏང་ནིའི་དོན་ལུ་ ཐིམ་ཕུ་རྫོང་ཁག་ནང་ འགོ་ཐོག་འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ལས་རིམ་དེ་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ རྒྱལ་སྤྱི་ཕུཊ་བཱོལ་ཚོགས་སྡེ་ལས་ ཐེངས་༤ པ་འགོ་འདྲེན་འཐབ་པའི་ཤུལ་ལས་ ཐེངས་༢ པ་འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
ད་རིས་ཀྱི་ སློབ་སྟོན་ལས་རིམ་དེ་ཡང་ དྲོ་པའི་དུས་ཚོད་ནང་ ཕུཊ་བཱོལ་སློབ་སྟོན་འབད་མི་༡༨ ཀྱིས་ ན་ཆུང་ཚུ་ལུ་ ཕུཊ་བཱོལ་སློབ་སྦྱོང་འབད་ཐངས་དང་ ཕུཊ་བཱོལ་རྩེ་ཐངས་ ལྕོགས་གྲུབ་ཡར་རྒྱས་གཏང་ཐངས་ དེ་ལས་ ཤེས་ཡོན་སྤྲོད་ཐབས་ཀྱི་ སློབ་སྟོན་ཚུ་ འབད་ཡི་ཟེར་ཨིན་པས།
ཉིན་གྲངས་༥ འི་རིང་ལུ་ སློབ་སྟོན་འབད་མི་གིས་ ན་ཆུང་ཚུ་གིས་ ཕུཊ་བཱོལ་རྩེ་ནིའི་རིག་རྩལ་དང་ བཱོལ་གཞན་མི་ལས་ འཕྱོག་ཐངས་ དེ་ལས་ ཁོང་གི་ལྕོགས་གྲུབ་ཚུ་ ལེ་ཤ་གིས་ ཡར་རྒྱས་སོང་ཡི་ཟེར་ སློབ་སྟོན་པ་ཕུརཔ་རྡོ་རྗེ་གིས་ སླབ་ཨིན་པས།
དེ་བཟུམ་སྦེ་ སློབ་སྟོན་པ་གཞན་མི་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ སྤྱིར་བཏང་ རྒྱལ་ཁབ་ནང་ རྩེདམོ་གི་རིགས་ལེ་ཤ་ཅིག་ ཡོད་དེ་འབད་རུང་ ན་ཆུང་བརྒྱ་ཆ་༧༠ དེ་ཅིག་གིས་ ཕུཊ་བཱོལ་རྩེ་ནི་ལུ་ སྤྲོ་བ་དང་ དང་འདོད་བསྐྱེད་ས་མཐོངམ་མ་ཚད་ སློབ་གྲྭ་ནང་ཡང་ ན་ཆུང་ལེ་ཤ་ཅིག་གིས་ ཕུཊ་བཱོལ་ལུ་སྤྲོ་བ་བསྐྱེད་ས་མཐོང་ནི་དེ་གིས་ སློབ་སྟོན་ལས་རིམ་འགོ་འདྲེན་འཐབ་མི་གིས་ མ་འོངས་རྒྱལ་ཁབ་ནང་ ཕུཊ་བཱོལ་རྩེད་འགྲན་འབད་མི་ ལེ་ཤ་འཐོན་ནིའི་ འོས་འབབ་འདུག་ཟེར་ སླབ་ཨིན་པས།
ཆུ་བར་ཆུ་སློབ་གྲྭ་ཆུང་བའི་སློབ་ཕྲུག་ སྐྱེས་ལོ་༩ ལང་མི་ ན་ཆུང་ འཕྲིན་ལས་དབང་འདུས་ཀྱིས་འབད་བ་ཅིན་ ཕུཊ་བཱོལ་རྩེ་ནི་ལུ་ སྤྲོ་བ་སྦོམ་ཡོདཔ་ལས་ བཅའ་མར་གཏོགས་པ་འོང་ཡི་ཟེར་ཨིནམ་ད་ སློབ་སྟོན་ལས་རིམ་དེ་ལུ་བརྟེན་ ཕུཊ་བཱོལ་རྩེ་ནིའི་རིག་རྩལ་དང་ ཡོན་ཏན་སྦོམ་ཐོབ་ཅི་ཟེར་ཨིན་པས།
སྐྱེས་ལོ་༦ ལས་༡༢ ཚུན་འབད་མི་ ན་ཆུང་ཕུཊ་བཱོལ་གོང་འཕེལ་གཏང་ནིའི་ལས་རིམ་དེ་ རྫོང་ཁག་༢༠ འི་ནང་ འགོ་འདྲེན་འཐབ་ནི་ཨིནམ་མ་ཚད་ ད་ཚུན་ སྤ་རོ་དང་ བུམ་ཐང་ དགེ་ལེགས་ཕུག་ ཕུན་ཚོགས་གླིང་ བསམ་རྩེ་ དེ་ལས་ ཐིམ་ཕུ་རྫོང་ཁག་བརྩིས་ཏེ་ རྫོང་ཁག་༦ ནང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སློབ་སྟོན་ལས་རིམ་མཇུག་བསྡུཝ་དང་འབྲེལ་ བཅའ་མར་གཏོགས་མི་ན་ཆུང་དང་ སློབ་སྟོན་འབད་མི་ཚུ་ལུ་ འབྲུག་ཕུཊ་བཱོལ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཨྱོན་དབང་ཕྱུག་གིས་ ལག་ཁྱེར་ཚུ་ཡང་ བྱིན་ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment