གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤོས་བཟོ་ཁང་ལུ་བརྟེན་ ལཱ་གཡོག་གི་གོ་སྐབས།

༡/༡/༢༠༡༣  ཨིན་རུང་ ཐོན་སྐྱེད་མང་དྲགས་ནི་དེ་གིས་ ཚོང་འབྲེལ་འཐབ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
༉ དགེ་ལེགས་ཕུག་ལུ་ རང་ལུགས་ཀྱི་ སྤོས་བཟོ་ཁང་ཅིག་ཡོད་མི་དེ་གིས་ ལཱ་གཡོག་མེད་མི་ཚུ་ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན་པས།
དེ་ཡང་ ཐར་པ་ལ་སྤོས་བཟོ་ཁང་ནང་ དུས་རྒྱུན་གྱི་ ལས་གཡོགཔ་༥༠ དེ་ཅིག་ཡོད་མི་ལས་༡༠ གནམ་དགུན་གྱི་ ངལ་གསོའི་སྐབས་ གནས་སྐབས་ཀྱི་དོན་ལུ་ ལཱ་འབད་མི་ སློབ་ཕྲུག་ཚུ་ཨིན་པས།

སྤོས་བཟོ་འཕྲུལ་ཁང་ནང་ ལས་བྱེདཔ་ཚུ་གིས་ སྤོས་བཟོ་བའི་བསྒང་།
རྒྱ་ནག་ལས་མཁོ་སྒྲུབ་འབད་མི་ སྤོས་བཟོ་འཕྲུལ་ཆས།


སྤོས་བཟོ་ཁང་གི་ཇོ་བདག་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ སྤོས་བཟོ་ཁང་ནང་ ལཱ་འབད་མི་ཚུ་ཡང་ མང་ཤོས་ར་ ཨམ་སྲུ་ཨིན་མི་ཚུ་ ཤེས་ཡོན་འཕྲོ་མཐུད་ལྷབ་མ་ཚུགས་མི་དང་ གཉེན་ཡ་བྲལ་སོང་མི་ཚུ་ཨིན་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ དགེ་ལེགས་ཕུག་དང་ གསར་སྤང་གི་ གཞུང་ལམ་ཁར་ གཞི་བཙུགས་འབད་ཡོད་མི་ སྤོས་བཟོ་ཁང་དེ་ ཧེ་མ་ ཁྲོམ་གྱི་ས་ཁོངས་ནང་ཡོད་རུང་ མེ་རྐྱེན་བྱུང་པའི་ཤུལ་ལས་ ད་རེས་ཀྱི་ ས་ཁོངས་ནང་ རིན་གོང་སྦོམ་གནས་མི་ འཕྲུལ་ཆས་ཐོག་ལས་ གཞི་བཙུགས་འབད་དེ་ ཟླ་ངོ་༢ དེ་ཅིག་སོང་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་  ཟླ་རིམ་བཞིན་དུ་ རིན་གོང་དངུལ་ཀྲམ་ས་ཡ་༥ དེ་ཅིག་གི་ སྤོས་བཟོ་དོ་ཡོདཔ་ཨིན་རུང་ ཧེ་མ་ སྤོས་བཟོ་ཁང་གི་ ཚོང་འབྲེལ་ངོ་ཚབ་ དག་པ་ཅིག་ལས་མེད་མི་ལུ་བརྟེན་ ཚོང་འབྲེལ་འཐབ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ལས་ ད་ལྟོ་ ཚོང་ལམ་ཚུ་ འཚོལ་ཞིབ་འབད་བའི་བསྒང་ཡོད་ཟེར་ འཆི་མེད་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སྤོས་བཟོ་མི་ ལས་གཡོགཔ་དང་ འཕྲུལ་ཆས་ཀྱི་ ཤུགས་ཚད་ཡང་ སྦོམ་མེད་མི་ལུ་བརྟེན་ སྤོས་ཚུ་ཡང་ ཚད་ཅིག་ལས་བརྒལ་ བཟོ་ནི་མེད་མི་ལུ་བརྟེན་ སྤོས་བཙོང་མ་ཚུགས་པའི་ དཀའ་ངལ་མེདཔ་ཨིན་རུང་ ད་རེས་ནངས་པ་ ཐོན་སྐྱེད་ཡར་འཕར་སོང་ནི་དེ་གིས་ ཚོང་འབྲེལ་ལེགས་ཤོམ་སྦེ་ འཐབ་མ་ཚུགས་པར་ སྤོས་ཚུ་མཛོད་ཁང་ནང་ བསགས་བཞག་སྟེ་ཡོད་ཟེར་ཨིན་པས།
རིན་གོང་དངུལ་ཀྲམ་ས་ཡ་༨༠ དེ་ཅིག་གནས་པའི་ སྤོས་བཟོའི་འཕྲུལ་ཆས་ཚུ་ཡང་ འདས་པའི་ལོ་ནང་ རྒྱ་ནག་ལས་ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།
སྤོས་བཟོ་ཁང་ནང་ལས་ ཐོན་སྐྱེད་འབད་མི་ རི་བོ་བསངས་མཆོད་ལ་སོགས་པའི་ སྤོས་རིགས་ཚུ་ཡང་ གཞན་སྤོས་བཟོ་ཁང་ཚུ་ནང་ བཟོ་སྐྲུན་འབད་མི་ སྤོས་རིགས་ཚུ་དང་ དབྱེ་བ་ག་ནི་ཡང་མེད་པར་ རྒྱུ་ཤུག་པ་ཤིང་དང་ བ་ལུ་སུ་ལུ་ ཨ་རུ་ལ་སོགས་པའི་ རྫས་རིགས་ཚུ་བླུགས་ཏེ་ བཟོ་དོ་ཡོདཔ་ད་ དེ་ཚུ་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་མ་ཚད་ རྒྱ་གར་ཀ་ལི་ཕུག་དང་ སི་ཀིམ་ཚུ་ནང་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
འཆི་མེད་རྡོ་རྗེ་གིས་འབད་བ་ཅིན་ སྤོས་བཟོ་ཁང་དེ་ཡང་ ད་རེས་ནངས་པ་ དགོངས་ཞུ་འབད་སྡོད་མི་ ཁོ་རའི་ཨ་པ་ སློབ་དཔོན་ཐར་པ་ལ་དེ་ ཧེ་མ་ རྒྱ་གར་ཀ་ལི་ཕུག་ལུ་ རྫོང་ཁ་སློབ་དཔོན་སྦེ་ སྡོད་པའི་སྐབས་ལས་ར་ འགོ་བཙུགས་ཅི་ཟེར་ཨིནམ་ད་ ཤུལ་ལས་ ཁོ་རའི་ཨ་པ་དེ་ གནས་སོར་འོངམ་ད་ དགེ་ལེགས་ཕུག་ལུ་ གཞི་བཙུགས་འབད་ཡི་ཟེར་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤོས་བཟོ་ཁང་དེ་ ག་དེ་དྲག་དྲག་ རྒྱ་བསྐྱེད་གཏང་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ ད་ལས་ཕར་ ན་གཞོན་ལཱ་གཡོག་མེད་མི་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ ཐེབས་སྤྲོད་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྣམ་རྒྱལ།

No comments:

Post a Comment