གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ངོ་རྐྱང་གི་ བསྐྱིན་འགྲུལ་དགོ་པའི་ཞུ་བ།

༡༥/༡/༢༠༡༣   ༉ ད་རེས་ཀྱི་གནས་སྟངས་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་ཚུ་ནང་ཡོད་མི་ ཚོང་པ་ཚུ་གིས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ རྒྱབ་སྐྱོར་ཐོག་ལས་ འབྲུག་གོང་འཕེལ་དངུལ་ཁང་ནང་ལས་ བསྐྱིན་འགྲུལ་དངུལ་ཀྲམ་༡༥༠,༠༠༠ རེ་ འཐོབ་ནི་ཡོདཔ་ཨིན་རུང་ བསྐྱིན་འགྲུལ་དེ་ ལོག་བཏབ་པའི་སྐབས་ བྱ་སྟབས་མ་བདེཝ་ཚུ་ ལེ་ཤ་ཅིག་ར་ ཐོན་དོ་ཡོདཔ་ལས་ ངོ་རྐྱང་གི་ བསྐྱིན་འགྲུལ་དགོ་པའི་ ཞུ་བ་འབད་དོ་ཡོདཔ་ཨིན་པས།


གནད་དོན་དེ་ཡང་ རྫོང་ཁག་ཚུ་ནང་ བཙག་འཐུ་འབད་དེ་ཡོད་མི་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ རྫོང་ཁག་ཚོང་པའི་འཐུས་མི་དང་ རྫོང་ཁག་སྤྱིར་བཏང་ཚོགས་པའི་འཐུས་མི་ ལ་ལུ་ཅིག་གིས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ལུ་ ཞུ་བ་འབད་དེ་ཡོདཔ་མ་ཚད་ བསྐྱིན་འགྲུལ་ཡོངས་བསྡོམས་ དངུལ་ཀྲམ་༡༥༠,༠༠༠ འབད་མི་དེ་ཡང་ ཡར་སེང་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
པདྨ་དགའ་ཚལ་ལས་ ཚོགས་སྡེའི་ རྫོང་ཁག་སྤྱིར་བཏང་ཚོགས་པའི་འཐུས་མི་ སྙན་གྲགས་ཀྱིས་འབད་བ་ཅིན་ བསྐྱིན་འགྲུལ་ཚུ་ སྡེ་ཚན་ནང་ ལེན་མི་དང་འཁྲིལ་ སྡེ་ཚན་གྱི་འཐུས་མི་ ག་ར་གིས་ གཅིག་ཁར་སྦེ་ ལོག་བཏབ་མ་ཚུགས་པ་ཅིན་ དངུལ་ཁང་གིས་ ལེན་མི་བཏུབ་པས་ཟེར་ཨིན་པས།
མ་གཞི་ ད་རེས་ སྡེ་ཚན་གྱི་ བསྐྱིན་འགྲུལ་ལམ་ལུགས་དེ་གིས་ ཚོང་པ་ཚུ་ལུ་ ཕན་སྦོམ་སྦེ་ར་ ཐོགས་ཡོདཔ་ཨིན་རུང་ གལ་སྲིད་ ངོ་རྐྱང་གི་བསྐྱིན་འགྲུལ་ཚུ་ འཐོབ་ཚུགས་པ་ཅིན་ བྱ་སྟབས་བདེ་དྲགས་ འོང་ནི་མས་ཟེར་ཨིན་པས།
ཀྲོང་གསར་གྱི་ རྫོང་ཁག་སྤྱིར་བཏང་ཚོགས་པའི་འཐུས་མི་ བསྟན་འཛིན་གྱིས་འབད་བ་ཅིན་ བསྐྱིན་འགྲུལ་ལམ་ལུགས་དེ་གི་ཐོག་ལུ་ གཏའ་མ་ཚུ་ བཙུགས་མ་དགོཔ་ལས་ ཕན་སྦོམ་སྦེ་ར་ ཐོགས་ཏེ་ཡོད་ཟེར་ཨིནམ་ད་ ཨིན་རུང་ སྡེ་ཚན་ནང་ལས་༡ གིས་ དུས་ཚོད་ཁར་ བཏབ་མ་ཚུགས་པ་ཅིན་ སྡེ་ཚན་གྱི་འཐུས་མི་ གཞན་ཚུ་གིས་ བཏབ་དགོཔ་ཐོན་དོ་ཡོདཔ་ད་ དེ་མིན་ ཤུལ་ལས་ བསྐྱིན་འགྲུལ་མི་འཐོབ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
དེ་མ་ཚད་ བསྐྱིན་འགྲུལ་ལེན་ནིའི་དོན་ལུ་ ཚོང་པ་ལྕོགས་གྲུབ་ཅན་འབད་མི་ཚུ་གིས་ ཁོང་ར་ནང་དོག་ལུ་སྦེ་ སྡེ་ཚན་བཟོ་མི་ལུ་བརྟེན་ འོང་འབབ་ཆུང་བའི་ ཚོང་པ་ལ་ལུ་ཅིག་ སྡེ་ཚན་བཟོ་ནིའི་དོན་ལུ་ འཐུས་མི་ཆ་རོགས་མ་འཐོབ་པའི་ དཀའ་ངལ་ཚུ་ཡང་ བྱུངམ་མས་ཟེར་ཨིན་པས།
གསར་སྤང་རྫོང་ཁག་ལས་ ཚོགས་སྡེའི་ཚོང་པའི་འཐུས་མི་ ཨོ་རྒྱན་རབ་བསྟན་གྱིས་ བཤད་མིའི་ནང་ མ་གཞི་ རྒྱལ་ཁབ་གཞན་ཚུ་ནང་འབད་བ་ཅིན་ དེ་བཟུམ་མའི་ སྡེ་ཚན་གྱི་ བསྐྱིན་འགྲུལ་ལམ་ལུགས་དེ་ ལེགས་ཤོམ་སྦེ་ འགྱོ་དོ་ཡོདཔ་ཨིན་རུང་ འབྲུག་མི་ཚུ་གི་ཐད་ལུ་ལྷོདཔ་ད་ སྡེ་ཚན་ནང་ ལཱ་འབད་ནི་ལུ་ དང་འདོད་མེདཔ་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
གལ་སྲིད་ ངོ་རྐྱང་གི་ བསྐྱིན་འགྲུལ་ལེན་དགོ་པ་ཅིན་ གཏའ་མ་བཙུགས་དགོཔ་ལས་ ད་རེས་ སྡེ་ཚན་ནང་ གཏའ་མ་བཙུགས་མ་དགོ་པར བསྐྱིན་འགྲུལ་འཐོབ་ཚུགས་མི་དེ་གིས་ ཚོང་པ་ཚུ་ ཁག་ཆེ་བའི་སྐབས་ བསྐྱིན་འགྲུལ་ལེན་ནིའི་ཐབས་ལམ་ ལེགས་ཤོམ་ཅིག་ ཨིན་ཟེར་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ སྤྱིར་བཏང་འབྲེལ་གནད་སྡེ་ཚན་གྱི་འགོ་འཛིན་ འཆི་མེད་རྡོ་རྗེ་གིས་འབད་བ་ཅིན་ ཚོགས་སྡེ་གིས་ ཚོང་པ་ཚུ་ལུ་ བསྐྱིན་འགྲུལ་གྱི་ཞབས་ཏོག་ འཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ སྤྱི་ལོ་༢༠༠༩ ལས་ འབྲུག་གོང་འཕེལ་དངུལ་ཁང་དང་ གྲོས་སྟུན་འབད་དེ་ སྡེ་ཚན་གྱི་ བསྐྱིན་འགྲུལ་བྱིན་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
དེ་དང་འཁྲིལ་ བསྐྱིན་འགྲུལ་ཐེངས་དང་པའི་ནང་ བརྒྱ་ཆ་༩༨ མཐར་འཁྱོལ་ཅན་བྱུང་ཡོདཔ་ཨིན་རུང་ ཐེངས་༢ པའི་ནང་ མི་སེར་ལ་ལུ་ཅིག་གིས་ དུས་ཚོད་ཁར་ ལོག་བཏབ་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་ འདུག་ཟེར་ཨིན་པས།
ཨིན་རུང་ ཚོང་པ་ཚུ་གིས་ མཁོ་འདོད་བཀོད་མི་དང་འཁྲིལ་ འདས་པའི་ལོ་ཚུ་ནང་ བསྐྱིན་འགྲུལ་ཚུ་ དུས་ཚོད་ཁར་ ལོག་བཏབ་མི་ཚུ་ལུ་ དངུལ་ཁང་གིས་ ཡོངས་བསྡོམས་ཡར་སེང་ཐོག་ལས་ ངོ་རྐྱང་གི་བསྐྱིན་འགྲུལ་ཚུ་ སྤྲོད་དགོ་པའི་ ཞུ་བ་འབད་ནི་ཨིན་ཟེར་ཨིན་པས།
དེ་འབདཝ་ད་ བསྐྱིན་འགྲུལ་ཚུ་ཡང་ ལས་འཆར་གྱི་ གཙོ་རིམ་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ཨིན་པས།
བསྐྱིན་འགྲུལ་ཐེངས་རེ་གི་ གནས་ཡུན་དེ་ཡང་ ལོ་༣ རེ་ཨིནམ་ད་ ཚོགས་སྡེའི་འགོ་དཔོན་ཚུ་གིས་ བསྐྱིན་འགྲུལ་སྤྲོད་མི་ ཚོང་པ་ཚུ་འབད་སར་སོང་སྟེ་ ལྟ་རྟོག་ཚུ་ ལེགས་ཤོམ་སྦེ་ འབད་དོ་ཡོདཔ་མ་ཚད་ རྩིས་ཐོ་བཞག་ཐངས་ཚུ་གི་སྐོར་ལས་ཡང་ ཤེས་ཡོན་ཚུ་ བྱིན་དོ་ཟེར་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ད་ལྟོ་ཚུན་ དངུལ་ཁང་དང་ ཚོགས་སྡེ་༢ ཀྱི་བར་ན་ ཁ་མ་སླབ་པར་ཡོདཔ་ཨིན་རུང་ ད་རེས་ཀྱི་ ལམ་ལུགས་ནང་ སྡེ་ཚན་གྱི་བསྐྱིན་འགྲུལ་འབདཝ་ལས་ འཐུས་མི་ཚུ་ཁོང་ར་ གན་ལེན་པ་སྦེ་ བརྩི་འཇོག་འབད་དོ་ཡོདཔ་ལས་ ངོ་རྐྱང་གི་བསྐྱིན་འགྲུལ་གྱི་ཐད་ལུ་ལྷོདཔ་ད་ ལེགས་ཤོམ་སྦེ་ བལྟ་དགོཔ་འོང་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment