གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ལུ་ཚུ་ སློབ་གྲྭ་ནང་བཙུགས་ནིའི་དོན་ལུ་སྐྱེས་ལོ་༦ ལང་དགོཔ་ཨིན་ན?

༡༥/༡/༢༠༡༣   ༉ ལོ་༢ ཀྱི་ཧེ་མ་ལས་ ཀྲོང་གསར་རྫོང་ཁག་ བ་གླིང་གཡུས་ཚན་ལས་ ཀུན་བཟང་སྒྲོལ་མ་གིས་ མོ་རའི་བུཚ་དེ་ སློབ་གྲྭ་ནང་བཙུགས་ནིའི་དོན་ལུ་ བ་གླིང་སློབ་གྲྭ་ཆུང་བའི་ སློབ་དཔོན་ཚུ་ལུ་ ཞུ་བ་འབདཝ་འབད་ས་ར་ སྡོད་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ སློབ་གྲྭའི་སློབ་དཔོན་ཚུ་གིས་ མོ་གི་བུ་དེ་ སྐྱེས་ལོ་༦ མ་ལངམ་ལས་ སློབ་གྲྭ་ནང་ བཙུགས་ཐབས་མེདཔ་སྦེ་ སླབ་ཡོདཔ་ཨིན་པས།


མོ་གིས་འབད་བ་ཅིན་ མོ་གི་བུ་དེ་ ལོ་ན་ཆུང་ཀུའི་བསྒང་ལས་ སློབ་གྲྭ་ནང་བཙུགས་ཐོག་ལས་ ཡོན་ཏན་དུམ་དྲ་ཅིག་འབད་རུང་ ཤེས་ཚུགསཔ་བཟོ་ནི་དང་ ཨ་ལུ་དེ་ སློབ་གྲྭ་ནང་བཏང་སྟེ་ མོ་ར་ སོ་ནམ་ཞིང་ལཱ་ལུ་ ཤུགས་བཏོན་ཚུགས་པའི་ རེ་བ་བསྐྱེད་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཨ་ལུའི་ཕམ་མང་ཤོས་ཅིག་གིས་ ཨ་ལུ་ཚུ་ སློབ་གྲྭ་ནང་བཙུགས་ནིའི་དོན་ལུ་ དོ་འགྲན་བྱུང་མི་དང་འཁྲིལ་ ཨ་ལུ་སྐྱེས་ལོ་༦ ལང་མིའི་ ཕམ་ལ་ལུ་ཅིག་གིས་ སློབ་གྲྭའི་སློབ་དཔོན་ཚུ་ལུ་ ཨུ་ཚུགས་བསྐྱེད་དེ་ ཨ་ལུ་ཚུ་ སློབ་གྲྭ་ནང་བཙུགསཔ་མ་ཚད་  ལ་ལུ་ཅིག་གིས་ གསོ་བའི་ལག་ཁྱེར་ རྫུས་མ་བཟོ་སྟེ་ སློབ་གྲྭ་ནང་ བཙུགས་པའི་གནད་དོན་ཚུ་ཡང་ ཐོན་དོ་ཡོདཔ་ཨིན་པས།
བུམ་ཐང་དབང་འདུས་ཆོས་གླིང་ འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་དབུ་འཛིན་ ཕུན་ཚོགས་བཀྲིས་ཀྱིས་འབད་བ་ཅིན་ སྤྱི་ལོ་༢༠༡༣ གྱི་ སློབ་དུས་ཀྱི་དོན་ལུ་ ཁོ་གི་སློབ་གྲྭ་ནང་ སྐྱེས་ལོ་༦ མ་ལང་མི་ ཨ་ལུ་ཚུ་ཡང་ སློབ་གྲྭ་ནང་བཙུགས་ནིའི་དོན་ལུ་ གསོ་བའི་ལག་ཁྱེར་ རྫུས་མ་བཟོ་བའི་གནད་དོན་ཚུ་ཡང་ ཐོན་ཡི་ཟེར་ཨིན་པས།
ཕམ་ལ་ལུ་ཅིག་གིས་འབད་བ་ཅིན་ དེ་བཟུམ་མའི་ ཐབས་ལམ་མ་བཏོན་པར་ ཐབས་མིན་འདུག་ཟེར་ཨིནམ་ད་ དབུ་འཛིན་ཕུན་ཚོགས་བཀྲིས་ཀྱིས་འབད་བ་ཅིན་ ཕམ་ཚུ་གིས་ ཨ་ལུ་ཚུ་ སློབ་གྲྭ་ནང་ བཙུགས་ནིའི་དོན་ལུ་ ག་ཐོབ་རྐྱབ་མི་དེ་ཡང་ ཁོང་ར་ཆ་ཁྱབ་ ཞིང་ཁར་ལཱ་འབད་བར་འགྱོ་བའི་སྐབས་ ཁྱིམ་ནང་ ཨ་ལུ་བལྟ་མི་ མེད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་མས།
ད་རེས་ ཤེས་རིག་ལྷན་ཁག་ནང་ལཱ་འབད་མི་ སློབ་དཔོན་བགྲེསཔ་ འཇིགས་མེད་བཟང་པོ་གིས་ སླབ་མི་དང་འཁྲིལཝ་ད་ ཨ་ལུ་ཚུ་ སློབ་གྲྭ་ནང་བཙུགས་ནིའི་དོན་ལུ་ སྐྱེས་ལོ་༦ ལང་དགོཔ་ད་ ལམ་ལུགས་དེ་ འདས་པའི་ལོ་ངོ་༧༠ དེ་ཅིག་གི་ཧེ་མ་ལས་ བཟོ་སྟེ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་གྲྭ་ནང་ བཙུགས་ནིའི་དོན་ལུ་ ལོ་ཚད་ཀྱི་ ཁྲིམས་ལུགས་བཟོ་སྟེ་ཡོད་མི་དེ་ ལེགས་ཤོམ་ཨིན་མས་ཟེར་ཨིནམ་ད་ དེ་ཡང་ སྐྱེས་ལོ་༦ ལང་མི་ ཨ་ལུ་ཚུ་ གཟུགས་སྟོབས་སྒྲིང་སྒྲིང་ཐལ་ཏེ་ གནམ་བྱཱར་ཆར་ཆུ་འབབ་པའི་སྐབས་ ཚལ་མ་ཚུ་བདའ་སྟེ་ རྐང་སྟོང་སྦེ་ འགྱོ་ཚུགས་ནི་དེ་གིས་ ཨིན་མས་ཟེར་སླབ་ཅི།
ཤེས་རིག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སློབ་གྲྭ་ནང་བཙུགས་ནིའི་དོན་ལུ་ ལོ་ཚད་༦ སྦེ་ བཟོ་ཡོད་མི་དེ་ཡང་ ལོ་ཚད་འ་ནེམ་ཅིག་ཁར་ ཨ་ལུ་ཚུ་གིས་ སློབ་གྲྭ་ནང་སྡོད་དེ་ དཔེ་ཆ་དང་ གཞན་མི་རིག་རྩལ་ཚུ་ སློབ་སྦྱོང་འབད་ཚུགས་ནིའི་དོན་ལུ་ ཨིན་མས་ཟེར་ཨིན་པས།
སློབ་གྲྭ་ཆུང་བའི་སློབ་དཔོན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ སློབ་གསར་སློབ་སྡེའི་ རྩ་གཞུང་ཚུ་ཡང་ ལོ་ངོ་༦ རེ་ལང་མི་ ཨ་ལུ་ཚུ་གི་ དྲན་ཤེས་དང་ རིག་རྩལ་ཚུ་ལུ་ གཞི་བཞག་ཐོག་ལས་ བཟོ་སྟེ་ཡོདཔ་ཨིན་རུང་ ཕམ་ལ་ལུ་ཅིག་གིས་ རང་སོའི་ཨ་ལུ་ཚུ་ ལོ་ན་མ་སྨིན་པའི་ཧེ་མ་ལས་ སློབ་གྲྭ་ནང་བཙུགས་ཏེ་ ཤེས་རིག་ལམ་ལུགས་ནང་ བྱ་སྟབས་མ་བདེཝ་ བཟོཝ་མས་ཟེར་ཨིན་པས།
ལོ་༦ མ་ལང་མི་ ཨ་ལུ་ཚུ་ལུ་ དཔེ་ཆ་སྟོན་པའི་སྐབས་ ཤེས་མ་ཚུགས་པའི་ དཀའ་ངལ་རྒྱ་ཆེ་དྲགས་སྦེ་ ཐོན་དོ་ཡོདཔ་མ་ཚད་ ཨ་ལུ་ཚུ་གིས་ སློབ་ཁང་ནང་སྡོད་དེ་ དཔེ་ཆ་ལུ་ སྤྲོ་བ་མ་བསྐྱེད་པར་ སེམས་འཁྲུལ་སྣང་ལང་ཏེ་ སྡོདཔ་མས་ཟེར་ དབུ་འཛིན་ཕུན་ཚོགས་བཀྲིས་ཀྱིས་ བཤདཔ་ཨིན་པས།
ལྷན་ཁག་གི་ ཨ་ལུ་ཆུང་ཀུའི་ བྱམས་སྐྱོང་དང་རྒྱབ་སྐྱོར་གོང་འཕེལ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་  ད་རེས་ སློབ་གྲྭའི་སློབ་དཔོན་ཚུ་ལུ་ དོ་འགྲན་དང་ དཀའ་ངལ་བྱུང་སྟེ་ཡོད་མི་དེ་ ཨ་ལུ་ཚུ་ ལོ་ཚད་མ་ལངམ་ལས་ སློབ་གྲྭ་ནང་ བཙུགས་མི་ལུ་བརྟེན་ཏེ་ཨིན་པས།
ཤེས་རིག་འགོ་དཔོན་ གཞན་མི་ཅིག་གིས་འབད་བ་ཅིན་ ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ ཨ་ལུ་ཚུ་ ལོ་ཚད་མ་ལངམ་ལས་ སློབ་གྲྭ་ནང་བཙུགས་པ་ཅིན་ ཨ་ལུ་ཁོང་ར་ལུ་ དཔེ་ཆ་ཤེས་མ་ཚུགས་པའི་ དཀའ་ངལ་འཐོན་ནི་ཨིནམ་མ་ཚད་ ཤུལ་ལས་ སྦོམ་འགྱོ་བའི་སྐབས་ དེ་གིས་ ཨ་ལུ་ཚུ་གི་རིག་རྩལ་ལུ་ གནོད་འོང་ཟེར་ཨིན་པས།
སློབ་གྲྭའི་སློབ་དཔོན་ཚུ་གིས་ ཞིབ་དཔྱད་འབད་མི་སྙན་ཞུ་དང་འཁྲིལཝ་ད་ ལོ་སྦོམ་ཐལ་མི་ ཨ་ལུ་ཚུ་ འགོ་ཐོག་སློབ་ཁང་ནང་ བཙུགས་པའི་སྐབས་ དཔེ་ཆའི་གོ་བ་ལེན་ནི་ལུ་ དཀའ་ངལ་ཐོན་དོ་ཡོདཔ་ཨིན་རུང་ དཔེ་ཆ་སྟོན་ཡི་ར་ འགྱོ་བའི་གནས་སྐབས་ནང་ དཔེ་ཆ་ཡང་ ལེགས་ཤོམ་སྦེ་ ཤེས་ཚུགས་པས་ཟེར་ཨིན་པས།
བཀྲིས་གཡང་རྩེ་ འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་དཔོན་ བསོད་ནམས་བདེ་སྐྱིད་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་རའི་སློབ་ཁང་ནང་ སྐྱེས་ལོ་༩ འབད་མི་ཨ་ལུ་ཅིག་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་འབད་ཡོད་མི་དང་འཁྲིལ་ ཨ་ལུ་དེ་ལུ་ ཟླཝ་༦ དེ་ཅིག་གི་རིང་ དཔེ་ཆ་མ་ཤེས་པའི་ དཀའ་ངལ་བྱུང་ཡོདཔ་ཨིན་རུང་ དེ་གི་ཤུལ་ལས་ འགྲོས་ཀྱིས་སྦེ་ ལོ་འཁོར་ཆོས་རྒྱུགས་ནང་ ཨང་དང་པ་ཐོན་ཡི་ཟེར་ཨིན་པས།
དེ་ལུ་དཔེ་བཞག་པ་ཅིན་ ཨ་ལུ་ཚུ་ སྐྱེས་ལོ་༦ ལངམ་ད་རྐྱངམ་གཅིག་ སློབ་གྲྭ་ནང་བཙུགས་དགོཔ་དེ་ ཁག་ཆེ་བས་ཟེར་ མོ་གིས་སླབ་ཅི།
ཕྱིའི་རྒྱལ་ཁབ་ ཕཱིན་ལེནཌི་བཟུམ་ཅིག་ནང་འབད་བ་ཅིན་ སློབ་གྲྭ་ནང་ བཙུགས་ནིའི་ལོ་ཚད་དེ་ སྐྱེས་ལོ་༦ ཨིནམ་ལས་ ད་རེས་ནངས་པ་ རྒྱལ་ཁབ་དེ་ནང་ རྒྱལ་སྤྱི་འཛམ་གླིང་རྒྱལ་ཁབ་ གཞན་ཚུ་དང་ཕྱདཔ་ད་ ཤེས་རིག་ལམ་ལུགས་ དྲག་ཤོས་ཅིག་སྦེ་ ངོས་འཛིན་བྱུང་སྟེ་ ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment