གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ དུས་སྟོན་བརྩི་སྲུང་ འདྲ་མིན་ཡོད་པའི་མངོན་གསལ།

༡༥/༡/༡༠༡༣   ༉ ད་རིས་ལས་ སྔར་སྲོལ་འབུལ་བ་ཕུལ་བའི་ཉིནམ་བརྩི་སྲུང་འབད་དེ་ ཉིནམ་བཞི་སོང་ཡོདཔ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ལ་ལུ་ཅིག་ནང་ བརྩི་སྲུང་མཇུག་བསྡུ་རུང་ ལ་ལུ་ཅིག་ནང་ བརྩི་སྲུང་འབད་བའི་བསྒང་ཡོད་མི་དེ་ཡང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཨོ་རོང་རྒེད་འོག་གི་ མཐའ་ཟུར་གཡུས་ཚན་ ཕི་ལུ་མ་བཟུམ་ཅིག་ནང་འབད་བ་ཅིན་ བརྩི་སྲུང་ངོ་མ་དེ་ ད་ལྟོ་ མ་འབད་བར་ཡོདཔ་ཨིན་པས།
ན་གཞོན་ཚུ་གིས་ དུས་སྟོན་བརྩི་སྲུང་ནང་ དགའ་སྤྲོའི་ཐོག་ལས་ མདའ་རྩེད་འབད་བའི་བསྒང་།


དེ་ཡང་ གཡུས་ཚན་དེ་ནང་ དུས་སྟོན་བརྩི་སྲུང་འབད་ནི་མེདཔ་མེན་པར་ གཡུས་དེ་ཁའི་སྲོལ་དེ་ ཉིན་གྲངས་བཅུ་ཐམ་གྱི་རིང་ བརྩི་སྲུང་འབད་སྲོལ་ཡོད་མི་ལུ་བརྟེན་ གཡུས་མི་ཚུ་གིས་ ད་ལྟོ་ རང་སོའི་ཉེ་ཚན་ཚུ་དང་ ལྟོ་གཅིག་ཁར་འཛོམས་ཏེ་བཟའ་དོ་ཡོདཔ་མ་གཏོགས་ ཕོ་སྐྱེས་ཚུ་གིས་ མདའ་རྩེད་འབད་ནི་ འགོ་ར་མ་བཙུགས་པ་ཡོདཔ་ཨིན་པས།
སྐྱེས་ལོ་༣༢ ལང་མི་ བཟང་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་དེ་ཁ་ལུ་ ཚེས་༡ ལས་༣ ཚུན་ རང་སོའི་ཉེ་ཚན་ཚུ་དང་གཅིག་ཁར་ ལྟོ་གཅིག་ཁར་འཛོམས་བཟའ་སྡོད་དེ་ མདའ་རྐྱབ་མི་ག་ཡང་ འབའ་ཐང་ནང་ འཐོན་ནི་མེད་ཟེར་ཨིནམ་ད་ ཕོ་སྐྱེས་དང་ ཨམ་སྲུ་ དེ་ལས་ ཨ་ལུ་ན་གཞོན་ཚུ་གིས་ སྡེ་ཚན་བཟོ་ཐོག་ལས་ ཚེས་༡ ལས་འགོ་བཙུགས་ ཕྱི་རུ་ཨ་རྟག་ར་ ནུབ་བཤལ་རྐྱབ་སྟེ་ ཁྱིམ་གུང་པ་༤༠ ལྷགཔ་ཅིག་ཡོད་མི་གཡུས་ཚན་ནང་ ཆང་སྐོར་རྐྱབ་སྟེ་འཐུང་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ན་གཞོན་ཚུ་གིས་ དུས་སྟོན་བརྩི་སྲུང་ལུ་ སྤྲོ་བ་སྦོམ་ཡོད་ནི་དེ་གིས་ ཞག་ཅིག་ནང་ ཆང་སྐོར་ཚར་ གཉིས་དེ་རེ་རྐྱབ་སྟེ་ དགའ་སྤྲོ་བཏོན་ནི་དང་ ན་གཞོན་བུམོ་དང་བུཚ་ཚུ་གིས་ ཞག་ཡང་ ཁྱིམ་ཅིག་ནང་ གཅིག་ཁར་ཉལ་ཐོག་ལས་ དགའ་སྤྲོ་སྟོན་ནི་ཡོད་ཟེར་ཨིན་པས།
གཡུས་ཚན་དེ་གི་དོན་ལུ་ དུས་སྟོན་དེ་ ལོ་ཅིག་ནང་ སྤྲོ་བ་སྦོམ་བཏོན་དགོ་མི་ཅིག་ འབད་ནི་དེ་གིས་ གཡུས་མི་ཚུ་གིས་ དུས་སྟོན་མ་རན་པའི་ བདུན་ཕྲག་གསུམ་དེ་ཅིག་གི་ཧེ་མ་ལས་ ཉིན་གྲངས་༡༥ དེ་ཅིག་ ལང་པའི་ཐབ་ཤིང་དང་ བཟའ་འཐུང་ དེ་ལས་ ཆང་སྐོར་རྐྱབ་སྟེ་འོང་མི་ཚུ་ལུ་ མ་ལང་ལངམ་སྦེ་ བྱིན་ནིའི་དོན་ལུ་ ཆང་ཚུ་བཟོ་སྟེ་ བཞག་དོ་ཡོདཔ་ལས་ ཁྱིམ་ནང་སྡོད་མི་ཚུ་ཡང་ ཕྱི་རུ་ཞག་ཡང་ ལེགས་ཤོམ་སྦེ་ ཉལ་མི་བཅུག་དོ་ཡོད་མི་དེ་ཡང་ ནུབ་མོ་སྐོར་ར་རྐྱབ་སྟེ་ ཆང་འཐུང་པར་འོང་མི་ མ་ཆད་པར་སྡོད་ནི་དེ་གིས་ཨིན་པས།
གཡུས་ཁའི་ཕོ་སྐྱེས་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རིས་ལས་ ཕོ་སྐྱེས་ཚུ་ འབའ་ཐང་ནང་འཛོམས་ཏེ་ རྒས་གཞོན་ཕྱེས་ཞིནམ་ལས་ མདའ་རྩེད་འགྲན་བསྡུར་འབད་ནི་ཨིནམ་ལས་ ཞག་དག་པ་ཅིག་གི་ཤུལ་ལས་ རྒེད་འོག་ལྟེ་བའི་ གཡུས་ཚན་ཅིག་དང་གཅིག་ཁར་ ཕྱོགས་མདའ་རྐྱབ་ནིའི་ འཆར་གཞི་ཡང་ཡོད་ཟེར་ཨིན་པས།
གཡུས་ཁའི་རྒས་ཤོས་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧེ་མ་ གཡུས་ཚན་དེ་ནང་ ཕོ་སྐྱེས་ཚུ་གིས་ ཚེས་གཉིས་ལས་ དྲོ་པ་ཧ་སག་ འབའ་སྐྱོར་ནང་ཐོན་ཏེ་ མདའ་རྐྱབ་ནི་འགོ་བཙུགས་ཏེ་ ཨམ་སྲུ་ཚུ་གིས་ ཁྱིམ་ནང་ལས་ དྲོ་མཛར་ལས་འགོ་བཙུགས་ བཅིངས་འབག་སྟེ་ འབའ་ཐང་ནང་ རང་སོའི་རྨགཔ་ཚུ་དང་གཅིག་ཁར་འཛོམས་ཏེ་ བཟའ་སྲོལ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ གྱུར་བ་སོང་ནུག་ཟེར་ཨིན་པས།
དུས་སྟོན་དེ་ ཞག་མང་སུ་བརྩི་སྲུང་འབད་ནི་དེ་གིས་ ཧེ་མ་འབད་བ་ཅིན་ ཁྱིམ་གུང་པ་རེ་གིས་ དུས་སྟོན་བརྩི་སྲུང་གི་དོན་ལུ་ ཕགཔ་རེ་ གསོ་བཞག་དོ་ཡོད་རུང་ ད་རེས་ནངས་པ་ མང་ཤོས་ཅིག་གིས་ ལས་དགེ་སྡིག་ལུ་འཛེམ་ནི་དེ་གིས་ ཕགཔ་མི་གསོ་དོ་ཡོདཔ་ཨིན་པས།
བརྩི་སྲུང་དེ་ གཞན་རྫོང་ཁག་ཚུ་དང་ཕྱདཔ་ད་ གཡུས་ཚན་དེ་ཁར་ རྒྱས་ཤིང་རྒྱསཔ་སྦེ་ར་ བརྩི་དོ་ཡོད་རུང་ ཕྱོགས་ཅིག་ལས་འབད་བ་ཅིན་ གཡུས་དེ་ཁའི་མི་ཚུ་གིས་ ལོ་ཐོག་ཚུ་ མང་ཤོས་ར་ བརྩི་སྲུང་དེ་གི་དོན་ལུ་ ཆང་བཙོ་སྦེ་ལོངས་སྤྱོད་དོ་ཡོདཔ་བཟུམ་མཐོངམ་ཨིན་པས།
དུས་སྟོན་དེ་ཁར་ ན་ཆུང་སྐྱེས་ལོ་༥ དེ་ཅིག་ འབད་མི་ཚུ་གིས་ཡང་ སྡེ་ཚན་བཟོ་སྟེ་ གཡུས་སྐོར་རྐྱབ་འགྱོ་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ ཨ་ལུ་གསརཔ་སྐྱེས་མི་ཚུ་ལུ་ མིང་ཡང་བཏགས་དོ་ཡོད་པའི་ཁར་ གཡུས་ཁའི་ལྷ་ཁང་གི་དོན་ལུ་ མ་དངུལ་ཚུ་ཡང་ དུམ་གྲ་རེ་བསྡུ་སྟེ་ ཞལ་འདེབས་ཕུལ་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གཡུས་དེ་གི་དབུ་མཛད་དེ་ ཚེ་ལས་འདས་སོང་ནི་དེ་གིས་ དུས་ཅིག་གི་དུས་སྟོན་དེ་ ཚེས་བརྒྱད་དེ་ཅིག་ལས་ མཇུག་བསྡུ་དགོཔ་བཟུམ་ཅིག་ཡོད་ཟེར་ གཡུས་ཁའི་ཚོགས་པ་གིས་བཤད་ཅི།
དུས་སྟོན་བརྩི་སྲུང་མཇུག་བསྡུཝ་ད་ མདའ་ཤ་ཟེར་ ཕགཔ་ཅིག་བསད་དོ་ཡོད་པའི་ཁར་ དེ་མིན་ ཁྱིམ་གུང་རེ་ལས་ ཤ་བསྡུ་སྟེ་ གཡུས་མི་ཚུ་ག་ར་འཛོམས་ཏེ་ དགའ་སྤྲོའི་ཐོག་ལས་ སྤྲོ་བ་སྦོམ་སྟོན་ཏེ་ མཇུག་བསྡུ་དོ་ཡོད་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment