གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་གསརཔ།

བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ 
འབྲུག་ལུ་ རྒྱ་གར་གྱི་ གཞུང་ཚབ་གསརཔ་ ཝི་པི་ ཧ་རཱན།
 ༡༤/༠༡/༢༠༡༣། ༉ ཁ་ཙ་ འབྲུག་གི་རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་གསརཔ་ ཝི་པི་ ཧ་རཱན་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
བློན་ཆེན་གྱིས་ རྒྱ་གར་གྱི་གཞུང་ཚབ་ལུ་ བྱོན་ལེགས་ཞུཝ་དང་གཅིག་ཁར་ རྒྱ་འབྲུག་༢ ཀྱི་བར་ན་ མཐུན་ལམ་ལེགས་ཤོམ་ཡོད་པའི་སྐོར་ལས་ གསུངས་གནངམ་མ་ཚད་ ད་ལས་ཕར་ བློན་ཆེན་གྱིས་ གཞུང་ཚབ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ལཱ་ཚུ་འབད་ནི་གི་རེ་བ་ཡོད་ཟེར་ གསུངས་ཡོདཔ་ཨིན་པས།


བློན་ཆེན་གྱིས་ དམངས་གཙོའི་གཞུང་ འགོ་དང་པའི་གནས་ཡུན་ མཇུག་བསྡུ་རན་མི་དང་བསྟུན་ འཆར་གཞི་༡༠ པ་དེ་ཡང་ ཧ་ལམ་ མཇུག་བསྡུ་རན་ཁར་ལྷོདཔ་ལས་ འབྲུག་ལུ་ རྒྱ་གར་གྱི་ གཞུང་ཚབ་གསརཔ་ལྷོད་པའི་ དུས་ཚོད་དེ་ ཁག་ཆེ་དྲགས་ཅིག་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།

འདས་པའི་ལོ་ཕྱེད་དང་༥ འི་རིང་ལུ་ རྒྱ་གར་གྱི་སྲིད་འཛིན་དང་ སྲིད་བློན་ ཕྱི་འབྲེལ་བློན་པོ་ ཚོགས་དཔོན་ སྤྱི་ཚོགས་ཀྱི་འཐུས་མི་ ཚོང་འབྲེལ་འགོ་ཁྲིདཔ་ཚུ་གིས་གཙོས་པའི་ གཞན་ཡང་ ལེ་ཤ་ཅིག་གིས་ར་ འབྲུག་ལུ་ ལྟ་སྐོར་ནང་འོང་ཡོདཔ་ལས་ རྒྱ་གར་རྒྱལ་ཁབ་དང་གཅིག་ཁར་ འབྲེལ་བ་དམ་ཟབ་སྦེ་ར་ བྱུང་སྟེ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་ཨིན་པས།


གཞུང་ཚབ་ཝི་པི་ ཧ་རཱན་གྱིས་འབད་བ་ཅིན་ རྒྱ་འབྲུག་༢ ཀྱི་བར་ན་ དམིགས་བསལ་གྱི་ མཐུན་འབྲེལ་དམ་ཟབ་ཡོདཔ་ལས་ ཁོ་ར་ འབྲུག་ལུ་གཞུང་ཚབ་སྦེ་ བསྐོ་བཞག་གནང་མི་ལུ་ སེམས་དགའ་ཡི་ཟེར་ སླབ་ཡོདཔ་ཨིན་པས།


ཁོ་གིས་ འབྲུག་གཞུང་གིས་ འཆར་གཞི་༡༠ པའི་ནང་ ཕྱག་ལཱ་ལེ་ཤ་ཅིག་ར་ གནང་ཡོད་མི་ལུ་ ངལ་རངས་ཡོད་ཟེར་ བློན་ཆེན་མཆོག་ལུ་ ཞུ་ཡོདཔ་ཨིན་པས།


གཞུང་ཚབ་ཝི་པི་ ཧ་རཱན་གྱིས་ སྤྱི་ལོ་༡༩༨༠ ལུ་ ཕྱི་འབྲེལ་ལམ་ལུགས་ནང་ འཛུལ་ཞུགས་འབད་ཡོདཔ་ད་ འབྲུག་ལུ་མ་འོང་པའི་ཧེ་མར་ སི་རི་ཡ་ལུ་ རྒྱ་གར་གྱི་ གཞུང་ཚབ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།


དེ་གིས་མ་ཚད་ འཛམ་གླིང་ཚོང་འབྲེལ་ལས་སྡེའི་ གཏན་འཇགས་ངོ་ཚབ་འོག་མ་དང་ རྒྱ་གར་གྱི་ གཏན་འཇགས་ཀྱི་འཐུས་མི་ དེ་ལས་ ཇི་ནེ་བ་དང་ ཀཱཐ་མཱན་ཌུ་གི་ འཐུས་མི་གོངམ་སྦེ་ཡང་ ཕྱག་ཞུ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment