ཀུན་དགའ་འཇིགས་བྲལ་སེངྒེ་ཆོས་གླིང་ ཟངས་མདོག་དཔལ་རི་ལྷ་ཁང་། |
དེ་ཡང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཇོ་མོ་གཙང་ཁ་དྲུང་ཁག་ ལའུ་རི་རྒེད་འོག་ ཟངས་ཐིག་ཚོགས་ཐང་ནང་སྦེ་ བྷུ་ལི་སྤྲུལ་སྐུ་ སྐུ་ཕྲེང་༡༠ པ་ གཡུ་གྲགས་སྙིང་པོ་བསོད་ནམས་བློ་གྲོས་ཀྱིས་ དབུ་བཞུགས་ཐོག་ལས་ བཤད་གྲྭའི་མཁན་པོ་དང་ མཚམས་པ་ སྒོམ་ཆེན་ དེ་ལས་ བཤད་གྲྭའི་དགེ་སློང་བསྡོམས་ཀྱིས་ ཞལ་གྲངས་༣༠༠ ལྷགཔ་ཅིག་གིས་ རྡོ་རྗེ་སེམས་དཔའི་ སྒྲུབ་ཆེན་གནང་ཡོདཔ་ཨིན་པས།
ཟངས་ཐིག་ཚོགས་ཐང་བཤད་གྲྭའི་མཁན་པོ་དང་ གཡུས་མི་ཚུ་གིས་ བྷུ་ལི་སྤྲུལ་སྐུ་ལུ་ རྡོ་རྗེ་སེམས་དཔའི་ སྒྲུབ་ཆེན་གནང་དགོ་པའི་ གསོལ་བ་བཏབ་མི་ལུ་བརྟེན་ གནང་ཡོདཔ་ཨིན་རུང་ ལོ་བསྟར་བཞིན་དུ་ སྨོན་ལམ་ཆེན་མོ་ གནང་དོ་ཡོདཔ་ཨིན་པས།
བྷུ་ལི་སྤྲུལ་སྐུ་ སྐུ་ཕྲེང་༡༠ པ་ གཡུ་གྲགས་སྙིང་པོ་བསོད་ནམས་བློ་གྲོས་ཀྱིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ ཟངས་མདོག་དཔལ་རིའི་གནས་མཆོག་ནང་ སྨོན་ལམ་ཆེན་མོའི་ སྒྲུབ་ཆེན་གནང་ནི་ཡོདཔ་ཨིན་རུང་ དུས་ཅི་ དམིགས་བསལ་དུ་ རྡོ་རྗེ་སེམས་དཔའི་གྲུབ་ཆེན་ གནང་དགོ་མི་དེ་ ཤར་ཕྱོགས་རྫོང་ཁག་ཚུ་གི་གྲས་ལས་ བསམ་གྲུབ་ལྗོངས་མཁར་ ལའུ་རི་རྒེད་འོག་ ཟངས་ཐིག་གཡུས་ཚན་དེ་ རྒྱ་འབྲུག་གཉིས་ཀྱི་ ས་མཚམས་ཁར་ གཞིས་ཆགས་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
སྤྱིར་བཏང་ འབྲུག་མི་ཡོངས་ཀྱི་ བརྒྱུད་ལུ་ཡོད་པའི་ ལས་ངན་སྡིག་སྒྲིབ་སྦྱང་ནི་དང་ རིམ་གྲོ་བཟུམ་ཅིག་སྦེ་ གནང་ཡོདཔ་བཞིན་དུ་ རྒྱ་འབྲུག་གཉིས་ཀྱི་ས་མཚམས་ཁར་ རྒྱུན་མ་ཆད་པར་ ཞི་བདེ་དང་ དགའ་སྐྱིད་འབྱུང་ནི་ལུ་དམིགས་ཏེ་ རྡོ་རྗེ་སེམས་དཔའི་ སྒྲུབ་ཆེན་གནང་དགོཔ་གལ་ཆེ་ཟེར་ གསུངས་གནང་ཡི།
སྒྲུབ་ཆེན་གནང་སར་ རྒྱ་གར་གི་མངའ་སྡེ་ ཨ་རུ་ན་ཅཱལ་པར་དེཤ་ལས་ རྐང་སྟོང་སྦེ་ ཉིན་ལམ་༢ ཀྱི་རིང་ ལམ་འགྲུལ་འབད་ཐོག་ལས་ འུ་སྡུག་ཐང་ཆད་མི་ལུ་ མ་ལྟ་བར་ དད་ཅན་གྱི་ མི་སེར་བརྒྱ་ལས་བཅད་དེ་ འོང་ཡོདཔ་བཞིན་དུ་ ཁོང་གིས་ གསོལཝ་ཚོགས་དྲང་ནིའི་དོན་ལུ་ ཏི་རུ་དང་ ཆུམ་ མར་ དེ་ལས་ ཚོད་བསྲེའི་རིགས་ཚུ་ ཕུལ་ཡོདཔ་ཨིན་པས།
བཀྲིས་སྒང་རྫོང་ཁག་ མེ་རག་དང་ སག་སྟེང་ལས་ཡང་ དད་ཅན་གྱི་ མི་སེར་བརྒྱ་ལས་བཅད་མི་ཚུ་གིས་ ཆོས་གྲལ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འགོ་འདྲེན་པའི་ དྲུང་ཆེན་འཕྲིས་རྡོ་རྗེ་གིས་ འབད་བ་ཅིན་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་དོ་བཟུམ་སྦེ་ དུས་ཅི་ཡང་ དད་ཅན་གྱི་ ཚོང་པ་དང་ ཞི་གཡོགཔ་ སྒེར་སྡེ་ སོ་ནམ་ཞིང་པ་ དེ་ལས་ སློབ་གྲྭའི་སློབ་དཔོན་ཚུ་ལས་ མ་དངུལ་ཞལ་འདེབས་བསྡུ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ལས་ རྡོ་རྗེ་སེམས་པའི་གྲུབ་ཆེན་ནང་ ཟད་འགྲོ་ དངུལ་ཀྲམ་འབུམ་༣ ལྷགཔ་ཅིག་ སོང་ཡི་ཟེར་ སླབ་ཨིན་པས།
སྒྲུབ་ཆེན་གྱི་སྐབས་ལུ་ དྲོ་པའི་གསོལ་ཇ་ལས་འགོ་བཟུང་ ཕྱི་རུའི་ཚོགས་བཏོན་གྱི་རིམ་པ་ཚུན་ གོ་རིམ་བཞིན་དུ་སྦེ་ དྲང་མི་དེ་ ཟངས་ཐིག་གཡུས་ཁའི་ ཚོང་རྐྱབ་སྡོད་མི་ བདེ་ཆེན་དབང་ཕྱུག་དང་ གླ་འཁོར་དེད་གཡོགཔ་ བཀྲིས་དཔལ་འབྱོར་གཉིས་ཀྱིས་ དངུལ་ཀྲམ་འབུམ་༢ ལྷགཔ་ཅིག་གི་ སྦྱིན་བདག་ཐོན་མིའི་ཐོག་ལུ་ཨིན་པས།
བདེ་ཆེན་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ སྣུམ་འཁོར་ལམ་མེདཔ་མ་ཚད་ གློག་མེའི་མཐུན་རྐྱེན་ཡང་ མེད་པའི་མཐའ་ཟུར་གྱི་ གཡུས་སྒོ་ནང་ དེ་བཟུམ་གྱི་གྲུབ་ཆེན་གནང་ས་ལུ་ དད་པ་བསྐྱེད་དེ་ ཞབས་ཏོག་དུམ་གྲ་རེ་ ཞུ་ཚུགས་མི་ལུ་ བསམ་པ་རྫོགས་ཡོདཔ་མ་ཚད་ མ་འོངས་པའི་ནང་ཡང་ ཞབས་ཏོག་ཞུ་ནི་ལུ་ ཁས་བླངས་ཡོད་ཟེར་ཨིན་པས།
དད་ཅན་གྱི་མི་སེར་ སྟོང་ཕྲག་ལས་བཅད་མི་ཚུ་ལུ་ སྒྲུབ་ཆེན་མཇུག་བསྡུཝ་དང་འབྲེལ་ སྤྲུལ་སྐུ་མཆོག་གིས་ དངོས་གྲུབ་བླང་བ་དང་ ཚེ་དབང་ཚུ་གནང་ཡོད་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment