ལས་གཡོག་ལྷན་ཁག་གི་དྲུང་ཆེན་ པདྨ་དབང་དྲག་དང་ མདོ་ཆེན་ཀུན་ལེགས་ཀྱིས་ གློག་རིག་ཡོངས་འབྲེལ་ འགོ་འབྱེད་འབད་བའི་བསྒང་། |
གློག་རིག་ཡོངས་འབྲེལ་དེ་ ལག་ལེན་འཐབ་ཐོག་ལས་ སྤེལ་ཁང་༨ ཀྱི་བར་ན་ འཕྲུལ་རིག་དང་ བཟོ་རིག་དང་འབྲེལ་བའི་བརྡ་དོན་ དཔེ་འབད་བ་ཅིན་ ཆོས་ཚན་རྩ་གཞུང་བཟོ་ནི་དང་ སྤེལ་ཁང་གོང་འཕེལ་གཏང་ནིའི་ གནད་དོན་ཚུ་ ཡོངས་ འབྲེལ་དེའི་ཐོག་ལུ་ གྲོས་བསྟུན་འབད་ཚུགས་པའི་ཁར་ སྤེལ་ཁང་ཚུ་ལས་ མཐར་འཁྱོལ་མི་དང་ ཁོང་གི་གནས་ཚད་ཚུ་གི་ སྐོར་ལས་ཡང་ ཤེས་ཚུགས་ནི་ཨིན་པས།
གློག་རིག་ཡོངས་འབྲེལ་དེ་ ལས་གཡོག་ལྷན་ཁག་གི་དྲུང་ཆེན་ པདྨ་དབང་དྲག་གིས་ འགོ་འབྱེད་འབད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ འཛམ་གླིང་གི་གནས་སྟངས་དེ་ བརྡ་དོན་འཕྲུལ་རིག་གི་ དུས་ཚོད་ལུ་ ལྷོད་ནི་དེ་གིས་ སྤེལ་ཁང་ཚུ་ནང་ ལཱ་ཚུ་བརྡ་དོན་འཕྲུལ་རིག་གི་ཐོག་ལས་ འབད་དགོཔ་ཁག་ཆེ་བས་ཟེར་ཨིནམ་ད་ དེ་ཡང་ གློག་རིག་ཡོངས་འབྲེལ་ཐོག་ལས་ ལཱ་འབད་ནི་ལུ་འཇམ་པའི་ཁར་ ཤེས་ཡོན་ཡང་ འཐོབ་ཚུགས་པས་ཟེར་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ སྤེལ་ཁང་གི་ ལས་བྱེདཔ་ཚུ་གིས་ བརྡ་དོན་འཕྲུལ་རིག་ ངེས་པར་དུ་ ལག་ལེན་འཐབ་ཤེས་དགོཔ་ཁག་ཆེ་བས་ཟེར་ཨིནམ་ད་ དེ་ཡང་ ད་རེས་ནངས་པ་ སྤེལ་ཁང་ནང་ སློབ་སྦྱོང་འབད་བར་འོང་མི་ མང་ཤོས་ཅིག་གིས་ བརྡ་དོན་འཕྲུལ་རིག་གི་སྐོར་ལས་ ཤེས་དོ་ཡོདཔ་ལས་ གལ་སྲིད་ ལས་བྱེདཔ་ཚུ་གིས་ མ་ཤེས་པ་ཅིན་ ངོ་ཚ་ནིའི་གཞི་ཅིག་ཨིན་མས་ཟེར་ཨིན་པས།
གློག་རིག་ཡོངས་འབྲེལ་ལུ་བརྟེན་ ད་ལས་ཕར་ རིན་བསྡུར་གསལ་བསྒྲགས་འབད་ནི་དང་ བཟོ་རིག་དང་འབྲེལ་བའི་ ཁྱབ་བསྒྲགས་དང་ གསལ་བསྒྲགས་ཚུ་ཡང་ དེ་ནང་ལས་ འབད་ཚུགས་ནི་ཨིནམ་ལས་ གསར་ཤོག་ཚུ་ནང་ ཏི་རུ་སྤྲོད་དེ་ འབད་མི་དགོ་ཟེར་ ཡོངས་འབྲེལ་མཁས་མཆོག་ཚུ་གིས་ སླབ་ཨིན་པས།
འགོ་འབྱེད་འབད་མི་ གློག་རིག་ཡོངས་འབྲེལ་དེ་ ཨམ་བཟུམ་ཅིག་སྦེ་ ལག་ལེན་འཐབ་ནི་ཨིནམ་ད་ ཨམ་དང་གཅིག་ཁར་ འཕྲལ་མགྱོགས་ར་ འཕྲུལ་རིག་སྤེལ་ཁང་༤ དང་ བཟོ་རིག་སྤེལ་ཁང་༤ གི་ ཡོངས་འབྲེལ་ཚུ་ མཐུད་སྦྲེལ་འབད་དེ་གཅིག་མཚུམས་བཟོ་ནི་ཨིན་པས།
གློག་རིག་ཡོངས་འབྲེལ་ འགོ་འབྱེད་འབདཝ་དང་འབྲེལ་ འཕྲུལ་རིག་སྤེལ་ཁང་༤ ལས་ ལས་བྱེདཔ་༨ ཀྱིས་ ཁུ་རུ་ཐང་ལུ་ བརྡ་དོན་འཕྲུལ་རིག་གི་ སྦྱོང་བརྡར་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པའི་གནས་ཚུལ།
སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment