གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་ཧིང་གི་ལོ་ནང་ ཏམ་ཁུ་དང་འབྲེལ་བའི་གནད་དོན་༣༢ ཐོན་ཡོདཔ།

༠༩/༠༡/༢༠༡༣། ༉ སྤྱི་ལོ་༢༠༡༢ ཀྱི་ ཟླཝ་༡༡ པ་ཚུན་ འབྲུག་སྨྱོ་རྫས་དམ་འཛིན་དབང་འཛིན་ནང་ ཏམ་ཁུའི་གནད་དོན་༣༢ ཐོན་མི་དང་འཁྲིལ་ མི་གྲངས་༤༥ འཛིན་བཟུང་འབད་ཡོདཔ་སྦེ་ དབང་འཛིན་གྱི་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།

དེ་ལས་ ལོ་དེ་ནང་ འཕྱོག་བཟུང་འབད་བའི་ ཏམ་ཁུའི་རིགས་ཚུ་གི་ཐད་ལུ་ལྷོདཔ་ད་ སི་ག་རེཊི་སྒམ་༦༨,༣༣༥ དང་ བི་རི་སྒམ་༢༣,༦༠༡ དེ་ལས་ གཞན་མི་ཏམ་ཁུའི་ཐོན་སྐྱེད་ཀྱི་རིགས་ ཀེ་ཇི་༤༡༠.༦༧༦ འཕྱོག་བཟུང་འབད་ཡོདཔ་ད་ གནད་སྡུད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ ལུ་ སི་ག་རེཊི་ སྒམ་༤༦,༨༩༢ དང་ བི་རི་སྒམ་༢༢,༢༧༢ དེ་ལས་ གཞན་མི་ཏམ་ཁུའི་ཐོན་སྐྱེད་ཀྱི་རིགས་ ཀེ་ཇི་༨༩༡.༧༩ དེ་ཅིག་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།


གནད་སྡུད་ལུ་བལྟ་བ་ཅིན་ སྤྱི་ལོ་༢༠༡༡ དང་ཕྱདཔ་ད་ ན་ཧིང་གི་ལོ་ནང་ འཕྱོག་བཟུང་འབད་བའི་ སི་ག་རེཊི་དང་ བི་རིའི་གྱངས་ཁ་ཚུ་ ཡར་སེང་སོང་ཡོདཔ་ཨིན་རུང་ གཞན་མི་ཏམ་ཁུའི་རིགས་ཀྱི་ཐོན་སྐྱེད་ཚུ་ ཧ་ལམ་ ཕྱེད་ཀ་ཅིག་ མར་འབབས་སོང་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།

གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ གནད་དོན་གྱི་ཡོངས་བསྡོམས་ལས་ བརྒྱ་ཆ་༦༠ ཁྲིམས་འདུན་ལུ་བཏང་ཡོད་མི་ལས་ གཅིག་ཡང་ ཕྱིར་འབུད་མ་གཏང་པའི་ཁར་ ད་ལས་ཕར་ ཏམ་ཁུའི་རིགས་ འཆང་སྤྱོད་འབད་ནི་དང་ སྐྱེལ་འདྲེན་འབད་ནི་ བགོ་བཀྲམ་འབད་ནི་ དེ་ལས་ ཉོ་བཙོང་འཐབ་མི་ལུ་བརྟེན་ འཛིན་བཟུང་འབད་དགོ་པའི་ གནད་དོན་ཚུ་ མར་ཕབ་འབད་ཐབས་ལུ་ དབང་འཛིན་གྱིས་ བརྡ་བརྒྱུད་དང་ མཉམ་འབྲེལ་ཐོག་ལས་ ཁྲིམས་ལུགས་ཀྱི་སྐོར་ལས་ མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་དགོཔ་དེ་ ཁག་ཆེ་དྲགས་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།


དེ་བཟུམ་སྦེ་ བཅའ་ཁྲིམས་ཀྱི་དོན་ཚན་༤༡ པའི་ནང་ ཞི་བའི་ལས་ཚོགས་ཚུ་གིས་ ཏམ་ཁུ་ལུ་བརྟེན་པའི་ གནོད་པ་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་དགོ་པའི་ དབང་ཆ་བྱིན་ཡོད་མི་དང་འཁྲིལ་ ཏམ་ཁུ་ལག་ལེན་འཐབ་མིའི་ གནས་ཚད་མ་འདྲཝ་ཚུ་ ག་ར་གི་དོན་ལུ་ གོ་བརྡ་སྤྲོད་དགོཔ་ ཡོད་ཟེར་ཨིན་པས།


བསྐྱར་བཟོ་འབད་བའི་ བཅའ་ཁྲིམས་ལྟར་དུ་འབད་བ་ཅིན་ མི་རེ་གིས་ རང་སོའི་ལག་ལེན་གྱི་དོན་ལུ་ སི་ག་རེཊི་ཕུད་རྡོག་༣༠༠ དང་ བི་རི་ཕུད་རྡོག་༤༠༠ སི་གར་ཕུད་རྡོག་༥༠ དེ་ལས་ གཞན་མི་ཏམ་ཁུའི་རིགས་ ག་རམ་༢༥༠ རེ་ ཁྲལ་བཏབ་ཐོག་ལས་ ནང་འདྲེན་འབད་ཆོགཔ་ཨིན་པས།


གལ་སྲིད་ ཁྲིམས་འགལ་ཐོག་ལས་ ནང་འདྲེན་འབད་ཆོག་པའི་ ཏམ་ཁུའི་ཚད་གཞིའི་ནང་འཁོད་མིའི་ ཏམ་ཁུའི་རིགས་ཚུ་ སྐྱེལ་འདྲེན་འབད་ནི་དང་ འཆང་སྤྱོད་འབད་ས་བདའ་ཟུན་པ་ཅིན་ བཀོད་ཚོགས་ཀྱིས་ གྲོས་ཐག་བཅད་དེ་ ཉེས་བྱ་ཚུ་བཀལ་ནི་དང་ ཁྲིམས་འགལ་ཐོག་ལས་ འཆང་སྤྱོད་འབད་བའི་ཏམ་ཁུའི་ཚད་གཞི་ ནང་འདྲེན་འབད་ཆོག་པའི་ཚད་གཞི་ལས་ལྷག་ཏེ་ དཔྱ་༣ གྱི་ འོག་རྒྱུ་འབད་བ་ཅིན་ ཉེས་པ་ཡང་ཕྲའི་ཉེས་ཁྲིམས་ ཕོག་ནི་ཨིན་པས།


དེ་ལས་ ཏམ་ཁུའི་ཚད་གཞི་དེ་ ནང་འདྲེན་འབད་ཆོག་པའི་ཚད་གཞི་ལས་ དཔྱ་༣ ལྷག་སྟེ་ དཔྱ་༤ དང་ དེ་གི་འོག་རྒྱུ་འབད་བ་ཅིན་ ཉེས་པ་ཡང་ཕྲའི་ཉེས་ཁྲིམས་ཕོག་ནི་དང་ གལ་སྲིད་ ནང་འདྲེན་འབད་ཆོག་པའི་ ཏམ་ཁུའི་ཚད་གཞི་ལས་ དཔྱ་༤ ལྷག་སྟེ་ འཆང་སྤྱོད་དང་ སྐྱེལ་འདྲེན་འབད་ས་མཐོང་པ་ཅིན་ ཉེས་ཆེན་དབྱེ་རིམ་༤ པ་ སྨིན་དགོཔ་ཨིན་པས།


ཨིན་རུང་ རྒྱལ་ཁབ་ནང་འཁོད་ལུ་ ཏམ་ཁུ་འཛུགས་སྐྱོང་འབད་ནི་དང་ བཟོ་ནི་ དེ་ལས་ བཀྲམ་སྤེལ་དང་ ཚོང་འབྲེལ་འཐབ་པའི་གནད་དོན་ཚུ་ལུ་ ཉེས་ཆེན་དབྱེ་རིམ་༤ པ་ཕོག་ནི་སྦེ་ གནས་ཚུལ་གསར་བཏོན་ནང་བཀོན་ནུག།


རྒྱལ་ཁབ་ནང་འཁོད་ལུ་ནང་ འཆང་སྤྱོད་འབད་ཆོག་པའི་ ཏམ་ཁུའི་ཚད་གཞི་ལས་ དཔྱ་༤ ལས་ཉུངམ་འབད་མི་ཚུ་ ཉོ་འདྲེན་འབད་མི་ཚུ་ལུ་ ཉེས་པ་ཡང་ཕྲའི་ཉེས་ཁྲིམས་དང་ གལ་སྲིད་ དཔྱ་༤ ལས་ལྷག་པའི་ཏམ་ཁུ་ཚུ་ ཉོ་ས་མཐོང་པ་ཅིན་ ཉེས་ཆེན་དབྱེ་ཞིམ་༤ པ་ཕོག་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།
 

No comments:

Post a Comment