གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ཁྲིམས་འདུན་གྱིས་ སྙན་གསན་ཚུ་ རིམ་པ་བཞིན་དུ་ འབད་དོ་ཡོདཔ།

༠༩/༠༡/༢༠༡༣། ༉ ད་རེས་ནངས་པར་ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཉིན་བསྟར་བཞིན་དུ་ མི་ཚུ་ཨ་རྟག་དང་མ་འདྲཝ་སྦེ་ འཛོམས་སར་མཐོང་མི་དེ་ཡང་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༡ ལས་འགོ་བཙུགས་ཏེ་ རྫོང་ཁག་ནང་ རྒྱལ་པོའི་ཞིང་གི་ས་ཆ་བགོ་བཀྲམ་དང་འབྲེལ་བའི་ འཐུས་མི་ཚུ་ལུ་ སྙན་གསན་གྱི་རིམ་པ་ཚུ་ འགོ་བཙུགས་མི་ལུ་བརྟེན་ཨིན་པས།

ས་ཆ་བགོ་བཀྲམ་ཚོགས་ཆུང་གི་འཐུས་མི་ རིན་ཆེན་དབང་འདུས་ཀྱི་ སྟ་གོན་སྙན་གསན་དེ་ ཁ་ཙ་མཛད་ཡོདཔ་ད་ དེ་བཟུམ་སྦེ་ འཐུས་མི་རྟ་མགྲིན་རྡོ་རྗེ་དང་ ཕུན་ཚོགས་ཀྱི་ སྟ་གོན་སྙན་གསན་དེ་ སྤྱི་ཟླ་དང་པའི་ཚེས་༧ ལུ་ འགོ་འདྲེན་འཐབ་ཡོདཔ་ད་ འཐུས་མི་ཚུ་ལུ་ སྟ་གོན་སྙན་གསན་མཛད་པའི་སྐབས་ ཁྲིམས་རྩོད་ཀྱི་རིམ་པ་དང་ རྒྱབ་མི་དང་ ངོ་ཚབ་བཙུགས་ཆོག་མི་ཆོག་གི་ ལམ་ལུགས་ཚུ་ཡང་ བཤད་བྱིན་དོ་ཡོདཔ་ཨིན་པས།


རིན་ཆེན་རྡོ་རྗེ་དེ་ ཧེ་མའི་ རྫོང་ཁག་ནགས་ཚལ་འགོ་དཔོན་ཨིནམ་ད་ ཁོ་གིས་ དེ་བསྒང་ ཁོ་ར་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་འཐུས་མི་ཅིག་ཨིན་རུང་ ཁོ་ལུ་ཕོག་མི་ལཱ་འགན་དེ་ རང་མོས་རྣམ་དག་ཐོག་ལུ་མ་འབག་པར་ ས་ཆ་ཚུ་ ཐོབ་ཁུངས་མེད་མི་ཚུ་ལུ་ བགོ་སྤྲོད་འབད་ཡོད་པའི་ ཉེས་འཛུགས་བཀལ་དོ་ཡོདཔ་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༠༦ ལུ་ ས་ཚན་ཁག་༣ ཚུལ་མིན་ཐོག་ལས་ བགོ་སྤྲོད་འབད་མིའི་ནང་ འབྲེལ་གཏོགས་ཀྱི་འཐུས་མི་ཨིནམ་ལས་ འགན་འཁྲི་དེ་ ཚུལ་མིན་ཐོག་ལས་འབག་ནི་དེ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞི་རྩོད་ཀྱི་ཉེས་འཛུགས་བཀལ་དོ་ཡོདཔ་ཨིན་པས།


ཧེ་མའི་ རྫོང་ཁག་སོ་ནམ་འགོ་དཔོན་ རྟ་མགྲིན་རྡོ་རྗེ་གིས་ཡང་ སྤྱི་ལོ་༢༠༠༦ ལུ་ རྒྱལ་པོའི་ཞིང་ལུ་ ས་ཚན་ཁག་༣ དང་ སྤྱི་ལོ་༢༠༠༡ ལུ་ ཁྲོམ་ས་༢༦ དང་ ཁྱིམ་ས་༤༡ བགོ་བཀྲམ་འབད་མི་ འཐུས་མི་ཅིག་ཨིནམ་ལས་ ཁོ་གིས་ཡང་ ཁོ་ར་ལུ་ཕོག་མི་ འགན་ཁུར་དེ་ རང་མོས་རྣམ་དག་ཐོག་ལས་མ་འབག་པར་ གཞུང་གིས་བཀོད་མི་ ཚད་གཞི་དང་མ་འཁྲིལ་བར་ ས་ཆ་ཐོབ་ལམ་མེད་མི་ཚུ་ལུ་ བགོ་བཀྲམ་འབད་ནུག་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞི་རྩོད་ཀྱི་ཉེས་འཛུགས་འབདཝ་ཨིན་པས།


དེ་བཟུམ་སྦེ་ ཧེ་མའི་ མོང་སྒར་ཁྲོམ་སྡེ་ལས་འཛིན་གྱི་ བཟོ་རིག་འགོ་དཔོན་འོག་མ་ ཕུན་ཚོགས་ཡང་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་འཐུས་མི་ཅིག་ཨིནམ་ད་ ཁོ་གིས་ཡང་ གཞུང་གི་ལམ་ལུགས་དང་མ་འཁྲིལ་བར་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ རྒྱལ་པོའི་ཞིང་ཁྲོམ་ཁར་ ས་ཆ་ཚུལ་མིན་ཐོག་ བགོ་བཀྲམ་འབད་མི་ཨིནམ་ལས་ ཁོ་གིས་ཡང་ ཁོ་རའི་འགན་ཁུར་དེ་ འབག་མ་ཚུགས་མི་ལུ་བརྟེན་ ཞི་རྩོད་ཀྱི་ཉེས་པ་ཕོགཔ་ཨིན་པས།


ད་ལྟོའི་ མོང་སྒར་རྫོང་ཁག་ སྒོ་ནོར་འགོ་དཔོན་ རྡོ་རྗེ་དབང་ཕྱུག་ཡང་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཅིག་ཨིནམ་ད་ ཁོ་གིས་ཡང་ ས་ཆ་བགོ་བཀྲམ་གྱི་ འཐུས་མིའི་འགན་ཁུར་མ་འབག་པར་ ས་ཆ་ཐོབ་ལམ་མེད་མི་ཚུ་ལུ་ སྤྲོད་ཡོདཔ་ལས་བརྟེན་ ཞི་རྩོད་ཀྱི་ཉེས་པ་སྨིན་དགོཔ་ད་ ཁོ་གིས་ ཐོག་མའི་བརྗོད་དོན་སྙན་གསན་དེ་ སྤྱི་ཟླ་༡ པའི་ཚེས་༧ ལུ་མཛད་ཡོདཔ་ད་ ཁོ་གི་བརྒལ་ལན་སྙན་གསན་དེ་ཡང་ ཁ་ཙ་ མཛད་གནང་ཡི།


དེ་བཟུམ་སྦེ་ དེ་བསྒང་གི་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་འོགམ་ རྫོང་རབ་བགྲེསཔ་ རྟ་པོ་དང་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་འཐུས་མིའི་དྲུང་ཆེན་ བཀྲིས་ནོར་བུ་ཤེར་པ་ དེ་ལས་ འཐུས་མི་སི་ཨེལ་ དཱསི་༣ གྱིས་ཡང་ ཁོང་རའི་འགན་ཁུར་དེ་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་འཐུས་མི་ཅིག་ཨིནམ་ལས་བརྟེན་ རང་མོས་རྣམ་དག་ཐོག་ལུ་ གཞུང་ཞབས་ཀྱི་ བཀའ་ཤོག་དང་བཀའ་རྒྱ་ དེ་ལས་ གཞུང་གིས་བཀོད་པའི་ཚད་གཞི་དང་ལམ་ལུགས་ཐོག་ལུ་ ས་ཆ་བགོ་བཀྲམ་མ་འབད་བར་ ས་ཆ་ཐོབ་ཁུངས་མེད་མི་ཚུ་ལུ་ ས་ཆ་བགོ་བཀྲམ་འབད་ནུག་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁོང་ལུ་ ཞི་རྩོད་ཀྱི་ཉེས་པ་བཀལ་ཡོདཔ་ཨིན་པས།


ཁོང་འཐུས་མི་ཚུ་གིས་ ཡིག་ཚང་གི་འགན་ཁུར་དེ་ ལོག་སྤྱོད་འབད་མི་ལུ་བརྟེན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༤ དང་༢༩༥ པ་དང་འཁྲིལ་ ཉེས་ཁྲིམས་སྨིན་དགོ་པའི་ ཉེས་འཛུགས་བཀལ་དོ་ཡོདཔ་ད་ ཁོང་༣ གྱི་བརྒལ་ལན་སྙན་གསན་ ཐེངས་༣ པ་དེ་ སྤྱི་ཟླ་༡ པའི་་ཚེས་༡༠ ལུ་ མཛད་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།


No comments:

Post a Comment