དེ་བསྒང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོགས་དཔོན་ལུ་ བཤེར་ལན་ཕུལ་མིའི་ནང་ ཚོགས་དཔོན་ལུ་ ཉེས་རྩོད་ཀྱི་ ཉེས་འཛུགས་འབད་དགོ་མི་དེ་ཡང་ ཁོ་གིས་ ས་ཆ་ཐོབ་ཐངས་མེད་མི་ཚུ་ལུ་ གཞུང་གི་ཚད་གཞི་དང་ལམ་ལུགས་ དེ་ལས་ བཀའ་རྒྱ་དང་ བཀའ་ཤོག་ཚུ་ ཟུར་བཞག་འབད་དེ་ ས་ཆ་བགོ་བཀྲམ་འབད་ཡོདཔ་ལས་ ཡིག་ཚང་གི་ དབང་ཚད་ལོག་སྤྱོད་དང་ ཚུལ་མིན་ཐོག་ལས་ ས་ཆ་ཐོ་བཀོད་འབད་ཡོདཔ་ དེ་ལས་ གཞུང་ས་བཙོང་པའི་ཉེས་པ་ལུ་བརྟེན་ ཉེས་རྩོད་ཀྱི་ ཉེས་ཁྲིམས་སྨིན་དགོ་ཟེར་ཨིན་པས།
ཨིན་རུང་ ཚོགས་དཔོན་གྱིས་འབད་བ་ཅིན་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དེ་ གཞུང་གི་བཀའ་རྒྱ་དང་ ཁྲིམས་ལུགས་ཚུ་ལུ་གཞི་བཞག་སྟེ་ བགོ་བཀྲམ་འབད་ཡི་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༡༩༩༡ ལུ་ རྫོང་བདག་བརྒྱུད་དེ་ ལྷོད་ཡོད་པའི་ཡི་གུ་ཚུ་དང་འཁྲིལ་ བགོ་བཀྲམ་འབད་ཡི་ཟེར་བའི་ལན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ ཡི་གུ་དེ་ནང་ ས་ཆ་བགོ་བཀྲམ་དེ་ བཀག་ཆ་འབད་དགོཔ་ཨིན་པས།
དེ་མ་ཚད་ ས་ཆ་བགོ་བཀྲམ་འབད་ནི་དེ་ཡང་ དང་པ་ ས་གནས་དེ་ཁར་ ཁྲིམས་མཐུན་ཆོག་ཐམ་འཆང་ཐོག་ལས་ ཚོང་རྐྱབ་སྡོད་མི་ཚུ་ལུ་དང་ གཉིས་པ་ལུ་ ས་གནས་ཁར་སྡོད་མི་ མཇུག་ར་ གཞན་ལུ་བགོ་བཀྲམ་འབད་དགོཔ་ཡོད་རུང་ ཁྲིམས་ལུགས་ཚུ་ རྒྱབ་སྐྱུར་བཞག་སྟེ་ ཚོགས་ཆུང་གིས་ གཞུང་གིས་བཀོད་མི་ཚད་གཞི་དང་ ལམ་ལུགས་ཚུ་ ཚུལ་མཐུན་ལག་ལེན་མ་འཐབ་པར་ ས་ཆ་བགོ་བཀྲམ་འབད་ནི་དེ་གིས་ ད་རེས་ རྒྱལ་ཁབ་ནང་ དེ་བཟུམ་མའི་ ངན་ལྷད་ཀྱི་སྟབས་མ་བདེ་བའི་ རྩོད་གཞི་དེ་ ཁྲིམས་འདུན་ལུ་ ཐུག་སྟེ་ཡོད་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ རྒྱལ་ཁབ་ནང་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ཚུ་ དོན་ཆེད་ར་ གཞི་བཙུགས་འབད་དགོ་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ དམངས་གཙོའི་ལམ་ལུགས་ནང་ མེད་ཐབས་མེདཔ་ཅིག་དང་ གཞུང་དང་ མི་སེར་གྱི་བར་ན་ དྭངས་གསལ་ཅན་དང་ དྲང་བདེན་ཅན་ དེ་ལས་ གོ་སྐབས་འདྲ་མཉམ་དང་ གཞུང་གི་ཁྲིམས་མཐུན་ཐོག་ ལཱ་འབད་མི་འབད་བལྟ་ནིའི་དོན་ལུ་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
རྒྱལ་པོའི་ཞིང་གི་ གནད་དོན་དེ་ལུ་ཡང་ ཞིབ་དཔྱད་འབད་ནིའི་ འགན་ཁུར་ཅིག་ ངེས་པར་དུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ཕོག་ཡོདཔ་ལས་བརྟེན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་དང་འཁྲིལ་ ཞིབ་དཔྱད་འབད་དགོ་མི་དེ་ཡང་ མཐའན་མཇུག་ལུ་ ངེས་ཤེས་འདྲོངས་ཚུགས་པའི་ གྲུབ་འབྲས་ཅིག་ བཏོན་དགོཔ་ཡོདཔ་ལས་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ ས་ཆ་བགོ་བཀྲམ་འབད་ནི་དེ་ ཚུལ་མཐུན་མ་འགྱོ་བས་ཟེར་ ཞུ་མི་དེ་ཡང་ འབྲུག་གི་མངའ་བདག་རྒྱལ་པོ་གིས་ ཡང་བསྐྱར་དུ་ ས་ཆ་དང་འབྲེལ་བའི་ བཀའ་ཤོག་ཚུ་ གཅིག་ཤུལ་གཉིས་སྦེ་ གནང་ཡོད་མི་དེ་ཡང་ མི་དབང་མཆོག་གི་ ཐུགས་ཀྱི་ཚ་གྱང་ཡོདཔ་ལས་བརྟེན་ཨིནམ་ལས་ ས་ཆའི་སྐྱིད་སྡུག་དེ་ མི་དབང་མངའ་ཞབས་ སྐུ་ཉག་ཅིག་གིས་ གནང་འོང་ཟེར་ བཀོད་དེ་ཡོད་མི་ཚུ་དང་མ་འཁྲིལ་བར་ ཕྱག་ལཱ་གནང་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁོང་གིས་ ཞུ་མིའི་ནང་ སྤྱི་ལོ་༡༩༨༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་གནང་མི་ བཀའ་ཤོག་དེ་མཇལ་བ་ཅིན་ དེ་ནང་ ཁྲོམ་སྡེའི་ས་ཁོངས་ཚུ་ཡང་ གཞུང་གི་ཁྲིམས་མཐུན་གྱི་ སྲིད་བྱུས་ལམ་ལུགས་ཅིག་མ་བཟོ་ཚུན་ རྫོག་ཁག་ཚུ་ནང་ཡོད་པའི་ ཁྱིམ་བཟོ་དང་ ཁྲོམ་སྡེ་གོང་འཕེལ་ལས་ཁུངས་ཀྱིས་ ས་ཆ་བགོ་བཀྲམ་འབད་ནི་དེ་ བཀག་ཆ་འབད་དགོ་ཟེར་མ་ཚད་ སྤྱི་ལོ་༡༩༩༡ གི་ ནང་སྲིད་བློན་པོ་ལུ་ལྷོད་མི་ བཀའ་ཤོག་ཅིག་ནང་ཡང་ ས་ཆ་བགོ་བཀྲམ་དེ་ འབད་མ་ཆོགཔ་དང་ ས་ཆའི་སྐྱིད་སྡུག་དེ་ མི་དབང་མངའ་ཞབས་ཁོ་ར་གིས་ མཛད་ནི་ཟེར་མི་ཚུ་ ཐུགས་ལུ་བསྣམ་སྟེ་ ཕྱག་ལཱ་མ་གནང་མས་ཟེར་ཨིན་པས།
དེ་མ་ཚད་ མི་དབང་མངའ་ཞབས་མཆོག་གིས་ མ་འོངས་པ་ལུ་ ས་ཆ་དང་འབྲེལ་བའི་སྟབས་མ་བདེཝ་ མི་འཐོན་ནིའི་དོན་ལུ་ ད་རུང་ སྤྱི་ལོ་༢༠༠༣ ལུ་ ཡང་བསྐྱར་དུ་ ས་ཆ་ཚུ་ མི་དབང་མཆོག་གིས་མ་གཏོགས་ གནང་ཐབས་མེད་པའི་ བཀའ་ཤོག་ཅིག་ གནང་ཡོད་རུང་ གཞུང་གིས་གནང་མི་ བཀའ་ཤོག་དང་ཡི་གུ་ དེ་ལས་ གཞུང་གིས་བཀོད་མི་ཚད་གཞི་ཚུ་དང་མ་འཁྲིལ་བར་ ས་ཆ་བགོ་བཀྲམ་འབད་ཡོདཔ་ལས་ ད་རེས་ནངས་པ་ ས་ཆའི་སྟབས་མ་བདེཝ་ཐོན་མི་དེ་ གནད་དོན་དེ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཚོགས་དཔོན་ལུ་ སྤྱི་ལོ་༡༩༥༣ གྱི་ ཁྲིམས་གཞུང་ཆེན་མོ་ ན་༡-༢ པའི་དགོངས་དོན་དང་འཁྲིལ་ མགུ་སྐོར་དང་ མིང་རྟགས་རྫུས་མ་རྐྱབ་ཡོདཔ་ དེ་ལས་ དབང་ཚད་ལོག་སྤྱོད་ཐོག་ ཁྲོམ་ས་ཚུལ་མཐུན་མིན་སྒོ་ལས་ བགོ་བཀྲམ་འབད་ཡོད་པའི་ ཉེས་འཛུགས་འབད་མི་དེ་ཡང་ སྤྱི་ལོ་༡༩༩༩ དང་༢༠༠༢ ཀྱི་བར་ན་ མོང་སྒར་རྫོང་བདག་སྦེ་ སྡོད་པའི་སྐབས་ ཁོ་གིས་ ཁྲོམ་ས་དང་ སྡོད་ཁྱིམ་ས་ཁོངས་ ས་ཚན་ཁག་༩༤ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཁོ་གི་ བརྒལ་ལན་སྙན་གསན་ཐེངས་༢ པ་དེ་ སྤྱི་ཟླ་༡ པའི་ཚེས་༩ ལུ་ འབད་ནི་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བདེ་ཆེན་ཚེ་རིང་།
No comments:
Post a Comment