གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གོང་དོང་ཁ་མུང་གྱོན་སྲོལ་ ཉམས་ཉེན་ཡོདཔ།

༧/༡/༢༠༡༣   ༉ པདྨ་དགའ་ཚལ་འཆི་མོང་རྒེད་འོག་ནང་ གཞན་དང་མ་འདྲ་བའི་ གོང་དོང་ཁ་མུང་ཟེར་ དཀྱི་ར་དང་འདྲ་བའི་ ཨམ་སྲུའི་ གྱོན་ཆས་ཀྱི་རིགས་ཅིག་ཨིན་མི་དེ་ ཉམས་འགྱོ་ནིའི་ ཉེན་ཁ་ཡོདཔ་ཨིན་པས།
མི་ལོ་སྟོང་ཕྲག་དེ་ཅིག་གི་ ཧེ་མ་ལས་ཡོད་པའི་ གཡུས་ཁའི་ མི་སེར་ཆ་མཉམ་གྱིས་ ལུང་པའི་གྱོན་ཆས་ རྡིག་ཤོས་ཀྱི་གྲས་ཁར་སྦེ་ གྱོན་སྲོལ་ཡོདཔ་ཨིན་པས།

ཉམས་ཉེན་ཡོད་པའི་ གོང་དོང་ཁ་མུང་གྱོན་མི་ འཆི་མོང་རྒེད་འོག་གི་ ཨམ་སྲུ་ཚུ།


ཨིན་རུང་ གྱོན་ཆས་དེ་ མི་ལོ་༢༤༠ དེ་ཅིག་གི་ཧེ་མར་ པདྨ་དགའ་ཚལ་ ཡོངས་ལ་དགོན་པའི་བླམ་ རྡོ་རྗེ་རྒྱ་མཚོ་གིས་ གྱོན་ཆས་དེ་ ཀླུ་དང་ བདུད་རིགས་ དེ་ལས་ མཚོ་སྨན་ལ་སོགས་པའི་ གྱོན་ཆས་དང་ ཆ་འདྲ་བས་ཟེར་གསུངས་ཏེ་ བཀག་དམ་གནང་པའི་ཤུལ་ལུ་ དམ་དར་ཅིག་ཡང་ བྲིས་གནང་ཡོད་མི་དེ་ ལོ་ཨ་རྟག་ར་ ཟླཝ་༢ པའི་ཚེས་༡༠ དང་༩ པའི་གནམ་གང་ལུ་ ཚར་རེ་ ལྷག་ནིའི་སྲོལ་ཡོདཔ་ཨིན་པས།
དེ་སྦེ་ འདོན་ནི་ཡོད་མི་དེ་ཡང་ བཀག་དམ་འབད་བའི་ཤུལ་ལུ་ ཀླུ་དང་བདུད་ཚུ་གི་ གནོད་ཉེན་ལས་ བཀག་ཐབས་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
གོང་དོང་ཁ་མུང་གྱོན་ཆས་ཀྱི་ དབྱིབས་དེ་ཡང་ གཡུག་གཅིགམ་སྦེ་ ལྟག་དང་འོག་ ཅོག་འཐདཔ་སྦེ་ཡོད་མི་དེ་ལུ་ སླབ་དོ་ཡོདཔ་ད་ ཕྱི་ཁ་ལས་ལྟཝ་ད་ ཁྲ་དེ་ཡང་ ད་རེས་ནངས་པའི་ སྐུད་ཤུ་ཐགས་རས་བཟུམ་མཐོངམ་ཨིན་རུང་ རྒྱུ་ངོ་མ་དེ་ ཀ་བལ་དང་ ཁྲ་དེ་ ཚོས་གཞི་དག་མ་བཏུབ་མི་སྐུདཔ་ཅིག་ ལག་ལེན་འཐབ་ནུག་ཟེར་ གཡུས་ཁའི་རྒན་ཤོས་ཚུ་གིས་ བཤདཔ་ཨིན་པས།
གྱོན་ཆས་དེ་ ད་རེས་ནངས་པའི་ དཀྱི་ར་ཚུ་དང་ མ་འདྲ་མི་གཅིག་ རིང་ཚད་སེན་ཊི་མི་ཊར་༡༥ དེ་ཅིག་འབད་མི་ རལཔ་དེ་ མཇུག་ལས་མར་དཔྱངས་ཏེ་ ཡོདཔ་ཨིན་པས།
འཆི་མོང་རྒེད་འོག་ནང་ལས་ མི་སེར་འཐུས་དཔོན་བགྲེསཔ་ཅིག་ཨིན་མི་ འཇིགས་མེད་བསྟན་འཛིན་གྱིས་ སླབ་མིའི་ནང་ ལམ་སྲོལ་དེ་ ག་གིས་ ནམ་འགོ་བཙུགས་ཡོདཔ་ཨིན་ན་ སླབ་མི་ཤེས་དོ་ཡོདཔ་ཨིན་རུང་ ངག་རྒྱུན་གྱི་ ལོ་རྒྱུས་དང་འཁྲིལཝ་ད་ ལམ་སྲོལ་དེ་ མི་ལོ་སྟོང་ཕྲག་ལྷགཔ་ཅིག་གི་ཧེ་མར་ འབྱུང་ཁུངས་ཅིག་ལས་ བོད་ལས་དང་ གཞན་མི་ཅིག་ལས་ རྒྱ་གར་ལས་ དར་ཁྱབ་སོང་ཡོད་པའི་ལོ་རྒྱུས་ཡོད་རུང་ སྤུས་དག་སྦེ་ ཁུངས་བཀལ་ཚུགས་མི་ ག་ཡང་མེདཔ་ཨིན་པས།
ཨིན་རུང་ ཁོ་གིས་ སླབ་མིའི་ནང་ བཀག་དམ་འབད་བའི་ཤུལ་ལུ་ ཀླུ་གཉན་དང་ བདུད་རིགས་ཚུ་གིས་ གནོད་པ་མི་རྐྱབ་ནིའི་དོན་ལུ་ ལོ་བསྟར་བཞིན་དུ་ ཇོ་མོ་གཤགས་པ་དང་ སྐྱེ་ལྷ་ཡུལ་ལྷ་ གནས་བདག་གཞི་བདག་ལ་སོགས་པ་ཚུ་ གསོལ་ནི་ཡོདཔ་ད་ དེ་བསྒང་ མཆོད་བཤམ་ནང་ མོ་ཆས་གོང་དོང་ཁ་མུང་དེ་དང་ ཕོ་ཆས་ཀྱི་ཐད་ལུ་ ད་ལྟོ་ཡོད་མི་ གྱོན་ཆས་དེ་གིས་ འཐུསཔ་སྦེ་བཞག་སྟེ་ མཆོད་བཤམ་ནང་ བཞག་དོ་ཡོདཔ་ཨིན་པས།
ཇོ་མོ་གཤགས་པ་གི་ཐད་ལུ་ལྷོདཔ་ད་ གཞན་དལ་གཞི་ ལོ་མཆོད་དེ་ གྲོང་མི་ཆ་མཉམ་གྱིས་ བརྩི་སྲོལ་ཡོདཔ་ཨིན་རུང་ སྤྱིར་བཏང་ལུ་ མི་འབྱོར་པ་ཅན་ཚུ་གིས་ ལོ་བསྟར་བཞིན་དུ་ བརྩི་སྲུང་འབད་དོ་ཡོདཔ་ད་ དེ་ནང་ ཉམ་ཆུང་ཚུ་གིས་ཡང་ རང་སོའི་ འོས་འབབ་དང་བསྟུན་ ཆང་དང་ཆུམ་ལ་སོགས་པ་ཚུ་ ཞལ་འདེབས་འབད་ཐོག་ལས་ གསོལ་དོ་ཡོདཔ་ཨིན་པས།
གོང་དོང་ཁ་མུང་གྱོན་སྲོལ་དེ་ཡང་ ཨམ་སྲུ་ཚུ་གི་ སྨད་གཡོག་དང་ཆ་འདྲ་བའི་ གྱོན་ཆས་དེ་ རྐངམ་འོག་ལས་ཡར་ ཨོལ་ལྐོག་ཚུན་འཐེན་པའི་ཤུལ་ལུ་ ཁོད་སྟོད་ལུ་ རང་ལུགས་ཀྱི་སྟོད་གོ་ གྱོན་དོ་ཡོདཔ་ད་ ཕྱག་ལྟག་གུ་ཐིང་ཁབ་དང་ ཨོལ་ལྐོག་ཁར་ གའུ་ཚུ་བཏགས་དོ་ཡོདཔ་ཨིན་པས།
གཡུས་ཁའི་རྒན་ཤོས་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ གོང་དོང་ཁ་མུང་དེ་ དང་ཕུ་འབད་བ་ཅིན་ ཁྱིམ་གུང་རེ་ནང་ཡོད་རུང་ ཤུལ་ལས་ བཟའ་ཚང་ཚུ་ མ་ཁྱིམ་ནང་ལས་ ཁ་འགྱེས་འགྱོཝ་ད་ བཙོང་ཞིནམ་ལས་ ཏི་རུ་བགོ་བཤའ་རྐྱབ་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ཡང་ ཁྱིམ་གུང་མང་ཤོས་ནང་ ཁ་མུང་དེ་ མཐོང་ཚུགས་ཟེར་ སླབ་ཨིན་པས།
སྐྱེས་ལོ་༧༦ འབད་མི་ ནག་སྐུ་གིས་ སླབ་མིའི་ནང་ དཀྱི་ར་དེ་ གྱོན་ནི་བཀག་དམ་འབད་བའི་ཤུལ་ལས་ བདག་འཛིན་འབད་བཞག་ཡི་ཟེར་ཨིནམ་ད་ ད་རེས་རྒེད་འོག་ནང་ གོང་དོང་ཁ་མུང་མཐོང་ནི་ཡོད་རུང་ མང་ཤོས་ར་ རྙིངམ་ཐལ་ནི་དེ་གིས་ རལ་ཏེ་ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ ཁ་མུང་དེ་ དུས་སྟོན་ཚུ་ནང་དང་ ལོ་མཆོད་ དེ་ལས་ གསོལ་མཆོད་ཚུ་ནང་ གྱོན་སྲོལ་ཡོད་རུང་ འཕྲོ་མཐུད་དེ་ འཐག་མི་མེདཔ་ལས་བརྟེན་ ཉམས་ཉེན་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment