གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེ་མཆོག་གི་ བཀའ་དབང་ཞུ་ནིའི་དོན་ལུ་ རྒྱལ་ཁབ་ཕྱི་ཁ་ལས་ དད་ཅན་ལེ་ཤ་འོང་ཡོདཔ།

༧/༡/༢༠༡༣   རྒྱ་གར་དང་ ནེ་པཱལ་རྒྱལ་ཁབ་ལས་ དགེ་སློང་ཞལ་གྲངས་༥༠༠ ལས་༡,༠༠༠ གི་བར་ན་དང་ བླ་སྤྲུལ་༩ དེ་ཅིག་ བྱོན་མིའི་གྲས་ལས་ མང་ཤོས་ར་ ལ་དྭགས་ལས་ཨིན་པས།
༉ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཞུ་མི་ འབྲུག་མི་རྐྱངམ་གཅིག་མེན་པར་ ཕྱི་ལས་དད་མོས་ཅན་ སྟོང་ཕྲག་ལས་བཅད་དེ་ འཛོམས་མི་ཚུའི་གྲས་ལས་ མང་ཤོས་ར་ རྒྱ་གར་དང་ ནེ་པཱལ་ལུ་ཡོད་པའི་ དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་སྒོར་ཞུགས་མི་ཚུ་ཨིན་པས།
རྒྱ་གར་ཧི་མ་ཅཱལ་པར་དེཤི་ བཀྲིས་ལྗོངས་བཤད་གྲྭ་ལས་ བཀྲིས་རྒྱལ་མཚན་(གཡས་ཁ་ཐུག་)དང་ ཆོས་གྲོགས་ཚུ།
ནེ་པཱལ་ལས་ སྐྱེས་ལོ་༦༡ ལང་མི་ ཕུ་ནི་ཏ་ཤེར་པ་དང་ ཆ་རོགས་ཚུ།


ནེ་པཱལ་ལས་ གྲྭ་ཚང་དང་བཤད་གྲྭ་༤ དེ་ཅིག་དང་ རྒྱ་གར་ལས་ གྲྭ་ཚང་དང་བཤད་གྲྭ་༦ དེ་ཅིག་ལས་ བླ་སྤྲུལ་དང་ དགེ་སློང་ཚུ་འོང་མིའི་གྲས་ལས་ གཅིག་ རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་ བཀྲིས་ལྗོངས་བཤད་གྲྭ་ལས་ དགེ་སློང་བཀྲིས་རྒྱལ་མཚན་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཆེན་དེ་ ཧེ་མ་ བླམ་ག་ལས་ཡང་ མ་ཞུ་ནི་དེ་གིས་ ད་རེས་ འབྲུག་ལུ་ དད་མོས་བསྐྱེད་དེ་ འོང་ཡི་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་འདི་ སྤྱིར་བཏང་ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་ རྒྱ་དང་བོད་ དེ་ལས་ ནེ་པཱལ་ཚུ་དང་ཕྱདཔ་ད་ འབྲུག་པ་བཀའ་བརྒྱུད་ཀྱི་ བསྟན་པ་དར་སའི་ རྒྱལ་ཁབ་ཅིག་ཨིནམ་བཞིན་དུ་ དེ་ནང་ ཆོས་སྒོར་ལུ་ཞུགས་མི་རྐྱངམ་གཅིག་གིས་མ་ཚད་ འཇིག་རྟེན་པ་ཚུ་གིས་ཡང་ ཆོས་ལུ་དད་མོས་བསྐྱེད་སར་མཐོངམ་ད་ སེམས་ཀྱི་གདིང་ལས་ར་ ངལ་རངས་བྱུང་ཡི་ཟེར་ ད་རུང་ བཀྲིས་རྒྱལ་མཚན་གྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ དུས་ཅི་ འབྲུག་ལུ་འོང་སྟེ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ལས་ དབང་ཞུ་ནིའི་གོ་སྐབས་ཐོབ་ནི་དེ་གིས་ ལྷག་པར་དུ་ སྐལ་བ་བཟང་ཡི་ཟེར་ཨིནམ་ད་ དབང་མཇུག་བསྡུ་བའི་སྐབས་ ཁོང་སྡེ་ཚན་ཚུ་ སྤ་རོ་སྟག་ཚང་དང་ བུམ་ཐང་ལུ་ གུ་རུ་རིན་པོ་ཆེའི་ གནས་རྩ་ཅན་ཚུ་མཇལ་བར་ འགྱོ་ནིའི་འཆར་གཞི་ཡོད་ཟེར་ སླབ་ཨིན་པས།
ཁོ་གི་ཆ་རོགས་ དགེ་སློང་ཚུ་གིས་འབད་རུང་ འབྲུག་འདི་ བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཅིག་ཨིན་པའི་ཁར་ རྒྱལཔོ་གིས་གཙོས་པའི་བློན་པོའི་ལྷན་རྒྱས་དང་ མི་ཚུ་ག་ར་ བྱམས་བརྩེ་དང་ལྡནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ད་རེས་ བཀྲིས་ལྗོངས་བཤད་གྲྭ་ལས་ དབང་ཆེན་ཞུ་སར་ དགེ་སློང་༤༥ དེ་ཅིག་ཡོདཔ་ད་ བཀྲིས་ལྗོངས་དེ་ ཁམས་སྤྲུལ་རིན་པོ་ཆེ་གི་ གདན་ས་ཨིན་པས།
ནེ་པཱལ་ལས་ ཕུ་ནི་ཏ་ཤེར་པ་གིས་འབད་བ་ཅིན་ འབྲུག་རྒྱལ་ཁབ་ནང་འོང་དགོ་པའི་ དམིགས་ཡུལ་ངོ་མ་ར་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ བཀའ་དབང་ཞུའི་དོན་ལུ་ཨིན་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ བདེ་མཆོག་དེ་ འབྲུག་པ་བཀའ་བརྒྱུད་ཀྱི་ ཡིད་དམ་གཙོ་བོ་ཅིག་ཨིནམ་ལས་ བཀའ་དབང་དེ་ ཁག་ཆེ་ཤོས་ཅིག་ཨིན་ཟེར་ སླབ་ཨིན་པས།
སྐྱེས་ལོ་༦༡ ལང་མི་ ཕུ་ནི་ཏ་ཤེར་པ་དེ་ བྱ་རུང་ཁ་ཤོར་མཆོད་རྟེན་གྱི་ ཉེ་འདབས་ལུ་ སྡོད་དོ་ཡོདཔ་ད་ ཁོ་དང་གཅིག་ཁར་ དབང་ཞུ་བར་འོང་མི་༡༩ ཡོདཔ་ཨིན་པས།
ཁོ་གི་ཆ་རོགས་ བླ་མ་དཀར་པོ་གིས་ སླབ་མིའི་ནང་ ཁོ་གི་མི་ཚེ་ནང་ འབྲུག་ལུ་འོང་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིནམ་ད་ དེ་ཡང་ ཁོ་གི་མི་བརྒྱུད་ཚུ་ ཧེ་མ་ ཤར་ཕྱོགས་བཀྲིས་སྒང་ལས་ འགྱོ་མི་ཚུ་ཨིནམ་ལས་ འབྲུག་ལུ་ལྷོད་པའི་སྐབས་ ཁོ་རའི་གཡུས་ཁར་ལྷོད་པའི་ ཚོར་སྣང་བྱུང་ཡི་ཟེར་ཨིནམ་ད་ ཁོ་ར་ ཀཱཐ་མཱན་ཌུ་ལས་ ཉིནམ་༡ དེ་ཅིག་ འགྱོ་དགོ་པའི་ས་ཁར་ འབྲུག་པ་བཀའ་བརྒྱུད་ བཀྲིས་ཆོས་རྫོང་དགོན་པ་ཟེར་ས་ལུ་ སྡོད་དོ་ཡོདཔ་ཨིན་པས།
སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་ འཇིགས་མེད་པདྨ་ཉིན་འབྱེད་ཀྱིས་ བཤད་མིའི་ནང་ རྒྱ་གར་དང་ ནེ་པཱལ་རྒྱལ་ཁབ་ལས་ དགེ་སློང་༥༠༠ དང་༡,༠༠༠ གི་བར་ན་དང་ བླ་སྤྲུལ་༩ དེ་ཅིག་འོང་མི་ལས་ མང་ཤོས་ར་ ལ་དྭགས་ལས་འོང་ཡི་ཟེར་ཨིནམ་ད་ ཁོང་ག་ར་རིན་པོ་ཆེ་གིས་ ལམ་སྟོན་མཛད་ཐོག་ལས་ འོང་ཡི་ཟེར་ཨིན་པས།
རིན་པོ་ཆེ་གིས་ བཤད་མིའི་ནང་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་བཀའ་དབང་དེ་ གལ་ཆེ་ཤོས་ཅིག་ཨིན་པའི་ཁར་ བཀའ་དབང་གནང་མི་ སྐྱེབས་རྗེ་རྗེ་མཁན་རིན་པོ་ཆེ་ཨིནམ་ལས་ ལྷག་པར་དུ་ བྱིན་རླབས་ཅན་ཅིག་ ཨིན་མས་ཟེར་ཨིན་པས།
དེ་མ་ཚད་ འབྲུག་དང་ ལ་དྭགས་ དེ་ལས་ དར་ཇི་གླིང་འབྲུག་གསང་སྔགས་ཆོས་གླིང་གྲྭ་ཚང་ཚུ་གི་བར་ན་ མཐུན་ལམ་དེ་ ཧེ་མ་ ཞབས་དྲུང་བཞུགས་པའི་སྐབས་ལས་ར་ འགོ་བཙུགས་ཡོད་མི་དེ་གིས་ ཤུལ་ལས་ འབྲུག་པ་ཐུགས་སྲས་རིན་པོ་ཆེ་དང་ ཁམས་སྤྲུལ་རིན་པོ་ཆེ་ སྐུ་ཕྲེང་དང་པ་ལས་ ཧེང་བཀལ་དམ་ཟབ་བཟོ་གནངམ་ལས་ཚུར་ ད་རེས་ ཆོས་ཀྱི་དཀྱིལ་འཁོར་གཅིག་ནང་ འཛོམས་ཚུགས་མི་དེ་ཡང་ དེའི་རྟེན་འབྲེལ་ཨིན་ཟེར་ཨིན་པས།
ལྷག་པར་དུ་ ཤུལ་ལས་ ནེ་པཱལ་དང་ ལ་དྭགས་ལུ་ དཔལ་ལྡན་འབྲུག་པ་དོན་བརྒྱུད་བཀའ་བརྒྱུད་ཀྱི་ བླ་སྤྲུལ་དང་ དགེ་སློང་ཚུ་གི་བར་ན་ ལོ་བསྟར་ཞལ་འཛོམས་ འཚོགས་ནིའི་ལས་རིམ་ འགོ་བཙུགས་མི་དེ་གིས་ མཐུན་ལམ་ཧེང་བཀལ་ར་ གོང་འཕེལ་སོང་ཡི་ཟེར་ཨིནམ་ད་ ཁམས་སྤྲུལ་རིན་པོ་ཆེ་མཆོག་ ནེ་པཱལ་ལུ་ཡོད་པའི་ སྐྱབས་རྗེ་རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་གི་ གྲྭ་ཚང་ནང་ བཞུགས་དོ་ཡོདཔ་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment