ཨང་དང་པའི་གྲངས་སུ་ཚུད་མི་ རང་ལུགས་ཀྱི་ཁྱིམ། |
དེ་ཡང་ ལོ་ཨ་རྟག་ར་ གྲོང་གསེབ་ཚུ་ནང་ གྲོང་གཡུས་ཁྱིམ་གྱི་ ཉེན་བཅོལ་འཐུས་དེ་ སྤྱི་ཟླ་༡༢ པའི་ནང་ བསྡུ་ལེན་འབད་ནི་ འགོ་བཙུགས་ཏེ་ སྤྱི་ཟླ་༣ པའི་ ཟླ་མཇུག་ཚུན་འབད་དོ་ཡོདཔ་ད་ ཁྱིམ་གུང་མི་ཚུ་གིས་ ད་རེས་ ལམ་ལུགས་གསར་པའི་ནང་ ཁྱིམ་གྱི་དབྱེ་ཁག་༤ བཟོ་ཡོད་མི་ལས་ དབྱེ་རིམ་དང་པའི་ནང་ ཚུད་མི་གུང་པ་ཚུ་གིས་ ཉེན་བཅོལ་འཐུས་ དངུལ་ཀྲམ་ཡོངས་བསྡོམས་དངུལ་ཀྲམ་༡༢༢༥ ལས་༩༧༥ དང་ དབྱེ་རིམ་༢ པའི་ནང་ཚུད་མི་ཚུ་གིས་ ཉེན་བཅོལ་འཐུས་ ཡོངས་བསྡོམས་དངུལ་ཀྲམ་༨༡༥ ལས་༥༦༥ དང་ དབྱེ་རིམ་༣ པའི་ནང་ཚུད་མི་ཚུ་གི་ ཉེན་བཅོལ་འཐུས་ ཡོངས་བསྡོམས་དངུལ་ཀྲམ་༤༥༠ ལས་ དངུལ་ཀྲམ་༢༠༠ རེ་བཏབ་དགོཔ་ད་ ལྷག་ལུས་དངུལ་ཀྲམ་༢༥༠ དེ་ ལོ་བསྟར་བཞིན་དུ་ ཁྱིམ་གུང་རེ་གིས་ ཉེན་བཅོལ་འཐུས་ ཕབ་ཆག་གི་ གྲོགས་རམ་སྦེ་ གནང་ནི་ཨིན་པས།
དེ་ལས་ དབྱེ་རིམ་༤ པའི་ནང་ཚུད་མིའི་ ཁྱིམ་ཚུ་གི་དོན་ལུ་ ལོ་བསྟར་ཉེན་བཅོལ་འཐུས་ དངུལ་ཀྲམ་༢༥༠ ཨིན་མི་ལས་དངུལ་ཀྲིམ་༡༥༠ གཞུང་གིས་ གྲོགས་རམ་ཐོག་གནང་ནི་དང་ དངུལ་ཀྲམ་༡༠༠ ཁྱིམ་གྱི་ཇོ་བདག་ཚུ་གིས་ བཏབ་དགོཔ་ཨིན་པས།
ཉེན་བཅོལ་ལམ་ལུགས་གསར་པའི་ དབྱེ་རིམ་དང་པའི་ནང་ ཚུད་མི་ཁྱིམ་ཚུ་ རྐྱེན་ངན་གྱི་གནད་དོན་ནང་ ཁྱིམ་རྩ་བ་ལས་ར་མེདཔ་ཐལ་བ་ཅིན་ ཐོབ་ལམ་དངུལ་ཀྲམ་༣༠༠,༠༠༠ དང་ དབྱེ་རིམ་༢ པའི་ཁྱིམ་ཚུ་ལུ་ ཐོབ་ལམ་དངུལ་ཀྲམ་༢༠༠,༠༠༠ དེ་ལས་ དབྱེ་རིམ་༣ པའི་ནང་ཚུད་མི་ཚུ་ལུ་ མ་དངུལ་༡,༡༠,༠༠༠ དབྱེ་རིམ་༤ པའི་ནང་ཚུད་མི་ཚུ་ དངུལ་ཀྲམ་༦༠,༠༠༠ ཐམ་པ་རེ་ འཐོབ་ནི་ཨིན་པས།
འདས་པའི་ལོའི་ གྲོང་གཡུས་ཁྱིམ་ཉེན་བཅོལ་ལམ་ལུགས་ནང་ ཁྱིམ་གྱི་དབྱེ་རིམ་༢ ལས་མེདཔ་ད་ ཁྱིམ་དབྱེ་རིམ་དང་པ་ཚུ་གིས་ ལོ་བསྟར་ཉེན་བཅོལ་འཐུས་ དངུལ་ཀྲམ་༡༥༠ རེ་བཏབ་ཐོག་ལས་ རྐྱེན་ངན་གྱི་གནད་དོན་ནང་ ཉེན་བཅོལ་ ཐོབ་ལམ་དངུལ་ཀྲམ་༡༠༠,༠༠༠ དང་ དབྱེ་རིམ་༢ པའི་ཁྱིམ་གུང་ཚུ་ ལོ་བསྟར་ཉེན་བཅོལ་འཐུས་ དངུལ་ཀྲམ་༦༠ བཏབ་ཐོག་ལས་ རྐྱེན་ངན་གྱི་སྐབས་ལུ་ ཉེན་བཅོལ་ཐོབ་ལམ་ དངུལ་ཀྲམ་༦༠,༠༠༠ རེ་ཡོདཔ་ཨིན་པས།
རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་སླབ་མིའི་ནང་ ཉེན་བཅོལ་འཐུས་ཡར་སེང་ཐོག་ ལམ་ལུགས་བསྒྱུར་བཅོས་འབད་མི་དེ་ གཙོ་བོ་ར་ ལས་འཛིན་གྱི་ མི་སྡེའི་ཞབས་ཏོག་དོན་སྨིན་ཅན་ཅིག་འབྱུང་ཐབས་ལུ་དང་ གཞུང་ལུ་ཡང་ ལོ་བསྟར་བཞིན་དུ་ གྲོང་གཡུས་ཁྱིམ་ཉེན་བཅོལ་ལས་རིམ་གྱི་ཐོག་ལས་ གྱོང་རྒུད་སྦོམ་ཕོག་དོ་ཡོད་མི་དེ་ མར་ཕབ་འབད་ཐབས་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
ཉེན་བཅོལ་ལས་འཛིན་གྱིས་ གྲོང་གསེབ་ཁྱིམ་གུང་ཚུ་ནང་ལས་ ཉེན་འཐུས་བསྡུ་ལེན་འབད་ཡོད་མི་ མ་དངུལ་ཡོངས་བསྡོམས་ལས་ རྐྱེན་ངན་གྱི་གནད་དོན་ནང་ ཐོབ་ལམ་སྤྲོད་མིའི་མ་དངུལ་དེ་ ལྷག་སོ་པ་ཅིན་ ཉེན་འཐུས་བསྡུ་ལེན་འབད་མི་གིས་ མ་ལང་མི་ལྷག་ལུས་དེ་ གཞུང་གིས་ ལས་འཛིན་ལུ་ སླར་ལོག་སྤྲོད་དོ་ཡོདཔ་ད་ དེ་ནང་ མ་དངུལ་རྒྱ་ཆེ་དྲགས་སྦེ་ར་ གནས་དོ་ཡོདཔ་ཨིན་པས།
དེ་ཡང་ ན་ཧིང་གི་ལོ་ནང་བཟུམ་ཅིག་འབད་བ་ཅིན་ ལས་འཛིན་གྱིས་ གཏན་འཇགས་ཁྱིམ་གྱི་དབྱེ་ཁག་ནང་ཚུད་མི་༤༣,༩༧༧ དང་ གཏན་འཇགས་མིན་པའི་ ཁྱིམ་ཆུང་གི་དབྱེ་རིམ་ནང་ཚུད་མི་༢༡,༤༢༦ ཡོད་ས་ལས་ ཉེན་འཐུས་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༧.༨༨ བསྡུ་ལེན་འབད་ཡོད་མི་དང་ཕྱདཔ་ད་ རྐྱེན་ངན་འདྲ་མིན་ལུ་བརྟེན་ ཁྱིམ་ལུ་ཉམས་སྐྱོན་ཤོར་ཏེ་ ཉེན་བཅོལ་ཐོབ་བརྗོད་བཀོད་མི་ཚུ་ལུ་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༡༤༦ དེ་ཅིག་ སྤྲོད་ནུག་ཟེར་ཨིནམ་པས།
དེ་འབད་ནི་དེ་གིས་ གཞུང་གིས་ ལས་འཛིན་ལུ་མ་དངུལ་ དངུལ་ཀྲམ་ས་ཡ་༡༣༨ སླར་ལོག་ སྤྲོད་དགོ་ནི་དང་ ལམ་ལུགས་གསརཔ་དང་འཁྲིལ་བ་ཅིན་ གཞུང་གིས་ ཁྱིམ་གུང་རེ་གི་ཉེན་བཅོལ་འཐུས་ བགོ་བཤའི་ཐོག་ ཕབ་ཆག་འབད་ཐོག་ལས་ ཐོབ་བརྗོད་བཀོད་མི་ཚུ་ལུ་ ཐོབ་ལམ་སྤྲོད་མི་དེ་ ཉེན་འཐུས་བསྡུ་ལེན་འབད་མི་གིས་ མ་ལང་རུང་ གཞུང་གིས་ སྤྲོད་མ་དགོཔ་ཨིན་པས།
ན་ཧིང་གི་ཁྱིམ་གུང་གི་ གྱངས་ཁ་ལུ་གཞི་བཞག་ཐོག་ གཏན་འཇགས་ཁྱིམ་གྱི་དབྱེ་རིམ་ནང་ཚུད་མི་༤༣,༩༧༧ དེ་ ལམ་ལུགས་གསར་པའི་ དབྱེ་རིམ་དང་པ་ལས་༣ པ་ཚུན་གི་ནང་ ཚུད་པའི་ཚོད་རྩིས་ཐོག་ གཞུང་གིས་ ན་ཧིང་གི་ལོ་ནང་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༡༠.༩ དེ་ཅིག་ སྤྲོད་དགོཔ་ཐོན་ཡོདཔ་ད་ གཏན་འཇགས་མིན་པའི་ཁྱིམ་ཆུང་གི་དབྱེ་རིམ་ནང་ཚུད་མི་ དངུལ་ཀྲམ་༢༡,༤༢༦ ཚུ་ ལམ་ལུགས་གསར་པའི་ དབྱེ་རིམ་༤ པའི་ནང་ཚུད་མི་ལུ་ གཞི་བཞག་ཐོག་ ན་ཧིང་ གཞུང་གིས་ ཁྱིམ་གུང་ཚུ་གི་དོན་ལུ་ ཕབ་ཆག་མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༣.༢ དེ་ཅིག་ཐེབས་ སྤྲོད་དགོཔ་ཐོན་ཡོདཔ་ཨིན་པས།
ཁྱིམ་དེ་ཚུ་གི་དོན་ལུ་ ན་ཧིང་ལས་ ལམ་ལུགས་གསརཔ་དེ་ ལག་ལེན་འཐབ་པ་ཅིན་ གཞུང་གིས་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༡༤.༡ དེ་ཅིག་ལས་ སྤྲོད་དགོཔ་མ་ཐོནམ་ཨིན་པས།
ལས་འཛིན་གྱི་ གྲོང་གསེབ་ཉེན་བཅོལ་སྡེ་ཚན་གྱི་ ལྟ་རྟོག་འགོ་དཔོན་ ཀརྨ་རྡོ་རྗེ་གིས་སློབ་མིའི་ནང་ གཞུང་ལུ་ གྱོང་རྒུད་སྦོམ་ར་ཕོག་དོ་ཡོདཔ་ལས་ ད་ལས་ཕར་ ཉམས་རྒུད་འབྱུང་མི་ཁྱིམ་གུང་ཚུ་ལུ་ཡང་ ཕན་ཐོགས་ཅན་དང་ གཞུང་ལུ་ཡང་ སྐུ་གྱོང་མེདཔ་སྦེ་ ལམ་ལུགས་དེ་ མི་སྡེའི་ཞབས་ཏོག་གི་དོན་ལུ་ འོས་ལྡན་ཅན་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
ལམ་ལུགས་གསརཔ་དང་འཁྲིལཝ་ད་ ཁྱིམ་ཐོག་༣ འབད་མི་ཚུ་ དབྱེ་རིམ་༡ པའི་ནང་ཚུད་ནི་དང་ ཁྱིམ་ཐོག་༢ འབད་མི་ཚུ་དབྱེ་རིམ་༢ པའི་ནང་ དེ་ལས་ ཁྱིམ་ཐོག་༡ འབད་མི་ རྩིག་ཁྱིམ་དང་ གྱང་ཁྱིམ་ འདག་སྦྱར་བཞི་སྐོརམ་གི་རིགས་ཚུ་ དབྱེ་རིམ་༣ པའི་ནང་ཚུད་ནི་དང་ དེ་མིན་པའི་ སྦ་སྒོར་དང་ བཱ་ལབ་ཀྱི་ཁྱིམ་རིགས་ཚུ་ དབྱེ་རིམ་༤ པའི་ནང་ཚུད་ནི་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment