ཞིང་གཤེགས་དམ་པ་ གྲུབ་དབང་པདྨ་ནོར་བུ་མཆོག། |
དེ་ཡང་ རྒྱལ་བ་དཔལ་ཡུལ་བའི་ ཡོངས་འབྲེལ་འཆར་སྒོ་བརྒྱུད་དེ་ འཛམ་གླིང་མཐའ་དབུས་མེད་པའི་ རྒྱལ་ཁབ་ཚུ་ནང་ཡོད་པའི་ བུ་སློབ་ཚུ་གི་དོན་ལུ་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ ཞིང་གཤེགས་དམ་པའི་སྐུ་གདུང་དེ་ རང་ཟླ་༤ པའི་ཚེས་༡༣ ལུ་འམ་ སྤྱི་ཟླ་༥ པའི་ཚེས་༢༣ ལུ་ རྣམ་གྲོལ་གླིང་དགོན་པ་ལུ་སྦེ་ མེ་མཆོད་ཕུལ་ནི་ཨིན་ཟེར་ བཀོད་ནུག།
རྒྱལ་བ་དཔལ་ཡུལ་བའི་ གདན་རབས་༡༡ པ་ པན་ཆེན་བི་མ་ལ་མི་ཊའི་རྣམ་སྤྲུལ་ལམ་ གྲུབ་དབང་པདྨ་ནོར་བུ་ སྐུ་འཕྲེང་༣ པ་ སྐྱབས་རྗེ་པདྨ་ནོར་བུ་རིན་པོ་ཆེ་མཆོག་ སྐུ་གཟུགས་ལུ་ བསྙུང་གཞི་ཐེབས་པའི་ཤུལ་ལས་ སྤྱི་ལོ་༢༠༠༩ ཟླ་༣ པའི་ཚེས་༢༩ ལུ་ དགོངས་པ་ཆོས་ཀྱི་དབྱིངས་སུ་འཐིམས་པའི་ མཛད་པ་དང་བཅས་ དགུང་ལོ་༧༧ ལུ་ ཞིང་ལུ་ཕེབས་ཡོདཔ་ཨིན།
སྐྱབས་རྗེ་མཆོག་གི་ སྐུ་གདུང་མེ་མཆོད་ཕུལ་ནིའི་གནས་ཚུལ་དེ་ དད་ཅན་སློབ་མ་ཚུ་གི་དོན་ལུ་ ཡིད་སྐྱོ་སི་སི་ཅིག་ཨིན་མི་དེ་ཡང་ ཏའི་ཝཱན་ལས་ ཇ་སི་ཀ་གིས་འབད་བ་ཅིན་ ད་ཚུན་ སྐུ་གདུང་བཞུགས་ཡོད་ནི་དེ་གིས་ དུས་ཚོད་དང་བསྟུན་ འཕྲལ་འཕྲལ་སྦེ་ར་ མཇལ་ནི་ཡོད་རུང་ ད་ལས་ཕར་ གོ་སྐབས་མི་ཐོབ་ནི་མས་ཟེར་ཨིན་པས།
ལོ་རྒྱུས་བཤད་མི་ཅིག་གིས་འབད་བ་ཅིན་ ད་ཚུན་ སྐུ་གདུང་བཞུགས་སུ་གསོལ་མི་དེ་ཡང་ སྐྱབས་རྗེ་ཞིང་གཤེགས་ གདུང་སྲས་འཕྲིན་ལས་ནོར་བུ་རིན་པོ་ཆེ་གིས་ སེམས་ཅན་གྱི་འགྲོ་དོན་ལུ་དགོངས་ཏེ་ སྐུ་གདུང་མེ་མཆོད་མ་ཕུལ་བར་ བཞག་དགོ་པའི་ བཀའ་སློབ་གནང་མི་ལུ་བརྟེན་ཏེ་ཨིན་རུང་ ཤུལ་ལས་ ད་རུང་ སྐུ་གདུང་ལས་ལྷག་པའི་ བསྟན་འགྲོའི་འགྲོ་དོན་ རྒྱ་ཆེ་བ་ལུ་གཟིགས་ཏེ་ སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་གིས་ སྐུ་གདུང་མེ་མཆོད་ཕུལ་དགོ་པའི་བཀའ་སློབ་གནང་མི་དང་འཁྲིལ་ཏེ་ རྣམ་གྲོལ་གླིང་གི་ དགོན་སྡེའི་ བླ་སྤྲུལ་དང་ མཁན་ཆེན་ཚུ་གིས་ ཐུགས་ཐག་བཅད་གནང་ནུག་ཟེར་ཨིན་པས།
གནས་ཚུལ་དེ་དང་འབྲེལ་ འཛམ་གླིང་མཐའ་དབུས་མེད་པའི་ རྒྱལ་ཁབ་ཚུ་ནང་ཡོད་མི་ སྐྱབས་རྗེ་མཆོག་གི་ འཁོར་སློབ་མ་ཚུ་གིས་ མེ་མཆོད་ཕུལ་སར་ འབྲེལ་གཏོགས་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
སྐྱབས་རྗེ་ཞིང་གཤེགས་དམ་པ་ལུ་ རྒྱལ་ཁབ་ཆེ་འབྲིང་ཆུང་གསུམ་ག་ཏེ་ལུ་ཡང་ སློབ་མ་སྟོང་ཕྲག་ལས་བཅད་དེ་ཡོདཔ་མ་ཚད་ འབྲུག་གི་ ན་གཞོན་མང་རབས་ཅིག་ལུ་ ནང་པའི་ཤེས་ཡོན་སྦྱང་ནི་གི་ གོ་སྐབས་གནངམ་མ་ཚད་ ད་ལྟོའི་བར་ན་ཡང་ འཕྲོ་མཐུད་དེ་ར་ གནང་བཞིན་དུ་ཡོདཔ་ ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment