སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ ཁོ་རའི་ འདེམས་ཁོངས་ནང་ ལྟ་སྐོར་འབད་བའི་བསྒང་། |
འཐུས་མི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གིས་ ཁས་བླངས་འབད་མིའི་ནང་ལས་ ཁག་ཆེ་ཤོས་ར་ འཁོར་ལམ་དང་ གློག་མེ་ དེ་ལས་ བརྒྱུད་འབྲེལ་གྱི་མཐུན་རྐྱེན་༣ བྱིན་ནི་གི་ ཁས་བླངས་འབད་མི་ཚུ་ག་ར་ མཁོ་སྤྲོད་འབད་ཚར་ཡི་ཟེར་ཨིན་པས།
དེ་ཡང་ གཞུ་རི་སྐེར་གཙོ་གཡུས་ཚན་ནང་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་༡༤ འབད་མི་ཅིག་ གསརཔ་བཏོན་ཡོདཔ་ད་ ཐར་པ་གླིང་དགོན་པ་ལུ་ ལྕགས་ཀྱི་རཝ་རྐྱབ་བྱིན་ཡོདཔ་མ་ཚད་ ཤིང་མཁར་ལྷ་ཁང་གི་ ལྕགས་ཤོག་ཡང་ སོར་ཡོདཔ་ཨིན་པས།
ཁོ་གིས་ ཁས་བླངས་འབད་མི་ནང་ མ་ཚུད་མི་ འདེམས་ཁོངས་གོང་འཕེལ་མ་དངུལ་གྱིས་ འབྲེལ་ཡོད་ཚོགས་པ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ གཡུས་སྒོ་ཚུ་ནང་ཡོད་མི་ ལྷ་ཁང་དང་ དགོན་སྡེ་ཚུ་ནང་ རྒྱབ་སྐྱོར་ཚུ་བྱིན་ཏེ་ ཡོད་ཟེར་ཨིནམ་ད་ ཆུ་སྨད་དོམ་མཁར་ལྷ་ཁང་ནང་ ལོ་བསྟར་གྱི་ བསྒྲུབས་འབད་བའི་སྐབས་ ཐབ་ཚང་མེད་པའི་དཀའ་ངལ་ཡོདཔ་ལས་ དེ་ནང་ཡང་ ཐབ་ཚང་ཅིག་བཟོ་སྐྲུན་འབད་དེ་ བྱིན་ཡོདཔ་ཨིན་པས།
འདེམས་ཁོངས་གོང་འཕེལ་མ་དངུལ་གྱི་ཐོག་ལས་ ཨུ་ར་གཡུས་ཚན་ནང་ ཕམ་ཉམ་ཆུང་ཚུ་གི་ ཨ་ལུ་བདུན་ལུ་ སློབ་གྲྭའི་སྒྲིག་གོ་ལས་ འགོ་བཙུགས་ཏེ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
འདེམས་ངོ་གིས་ གཡུས་ཚན་ཁག་ཚུ་ནང་ མི་མང་སྐྱེལ་འདྲེན་གྱི་ ཞབས་ཏོག་བཙུགས་ནིའི་ ཁས་བླངས་འབད་དེ་ འགོ་བཙུགས་ཡོདཔ་ཨིན་རུང་ རྒེད་འོག་གི་ ས་གནས་མང་ཤོས་ར་ བཀྲ་ཤིས་སྒང་འགྱོ་སའི་ གཞུང་ལམ་ཁར་འབད་ནི་དེ་གིས་ མི་མང་ཤོས་ཀྱིས་ སྣུམ་འཁོར་ག་ཐོབ་སྦེ་ འཛུལ་འགྱོ་མི་ལུ་བརྟེན་ སྐྱེལ་འདྲེན་བཱསི་བཙུགས་མི་ལུ་ གྱོང་རྒུད་ཕོག་ནི་དེ་གིས་ ཟླཝ་དག་པ་ཅིག་བཙུགས་ཏེ་ ལོག་འགོ་བཙུགས་མ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཆོས་འཁོར་རྒེད་འོག་ནང་ཡང་ ཞབས་ཏོག་བཙུགས་ཡོད་རུང་ ལམ་དེ་ སོ་ནམ་ཞིང་ལམ་འབད་ནི་དེ་གིས་ སྒེར་སྡེ་གིས་བཙུགས་མི་ སྐྱེལ་འདྲེན་བཱསི་དེ་ འཕྲོ་མཐུན་འབད་མ་བཏུབ་ཟེར་ཨིན་པས།
ཁས་བླངས་ཚུ་གི་གྲས་ལས་༡ ཅུང་་འཕེལ་སློབ་གྲྭ་ཆུང་བ་དེ་ སློབ་རིམ་༨ པ་ཚུན་ རྒྱ་བསྐྱེད་འབད་ནི་གི་ ཁས་བླངས་འབད་ཡོད་རུང་ ད་ལྟོ་ ཨ་ལུ་༢༠ ལས་མེད་པའི་ཁར་ ཤེས་རིག་གི་ སྲིད་བྱུས་སོ་སོར་ཡོདཔ་ལས་ འགྱོ་མ་བཏུབ་ཟེར་ཨིནམ་ད་ ཨིན་རུང་ མ་འོངས་པ་ལུ་ རྒྱ་བསྐྱེད་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སྤྱི་ཚོགས་ཀྱི་ འཐུས་མི་ཚུའི་ གནས་ཡུན་ ཟླཝ་དག་པ་ཅིག་ལས་མེདཔ་བཞིན་དུ་ འཆར་གཞི་ནང་མེད་པའི་ལཱ་འབད་ནི་གི་ འཆར་གཞི་ཡང་ མེད་པའི་ཁར་ ལོག་དོ་འགྲན་འབད་ནིའི་དོན་ལུ་ གྲོས་ཐག་མ་བཅད་པར་ཡོད་ཟེར་ཨིན་པས།
འཐུས་མི་གཞན་ སོ་ནམ་དང་ནགས་ཚལ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ཡང་ ཁོ་རའི་ ཁས་བླངས་གསལ་བསྒྲགས་འབད་མི་ཚུ་ མང་ཤོས་ར་ གྲུབ་ཚར་ཡོདཔ་ཨིན་པའི་གནས་ཚུལ།
བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།
No comments:
Post a Comment