གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སཱག་ཚོགས་པའི་ ཁས་ལེན་གྲོས་ཆོད་ཚུ་ ལག་ལེན་གྱི་ཞུ་བསྐུལ།

ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཚུ་གིས་ བརྡ་བརྒྱུདཔ་ཚུ་ལུ་ ནང་སྐྱོད་ཆོག་ཐམ་ བཀག་ཆ་མེད་པར་གནང་དགོཔ། 
ལ་ཧོར་གྱི་ ཞལ་འཛོམས་དེ་ པ་ཀིསི་ཏཱན་གྱི་ སྲིད་བློན་བགྲེསཔ་ 
ན་ཝཱཟ་ཤ་རིཕ་གིས་ འགོ་འབྱེད་གནང་པའི་བསྒང་།
༡༤/༠༡/༢༠༡༣། ༉ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ འཐུས་མི་རྒྱལ་ཁབ་༨ ལས་ བརྡ་བརྒྱུད་ཀྱི་ ཁྱད་རིག་ཅན་དང་ གནས་ཚུལ་མཁན་༢༢༠ དེ་ཅིག་གིས་ སཱག་ཚོགས་པའི་ ཁས་ལེན་གྲོས་ཆོད་དག་པ་ཅིག་ ལག་ལེན་མ་འཐབ་པར་ ལུས་མི་ཚུ་ལུ་ སེམས་ཕམ་ཡོད་ལུགས་བཤདཔ་དང་འབྲེལ་ འཐུས་མི་རྒྱལ་ཁབ་༨ ཀྱི་ དབུ་ཁྲིད་ཚུ་གིས་ ཆ་འཇོག་ཐོག་ ཁས་ལེན་གནང་མི་ གྲོས་ཆོད་ཚུ་ ལག་ལེན་འཐབ་ནི་ལུ་ བར་ཆད་རྐྱབ་མིའི་ དཀའ་ངལ་སེལ་དགོ་པའི་ མཁོ་འདོད་བཀོད་ཅི།

ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ཀྱི་ གནས་ཚུལ་མཁན་ཚུ་ གཙོ་བོ་ར་ སཱག་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ཐེངས་༡༤ པའི་ནང་ སྦྲེལ་མཐུད་རྒྱ་བསྐྱེད་ཀྱི་ ཁས་ལེན་གྲོས་ཆོད་དང་ དབུ་ཁྲིད་ཞལ་འཛོམས་༡༧ པའི་ སཱཕ་ཏ་ཟེར་མི་ ལྷོ་ཨེ་ཤི་ཡ་བཀག་ཆ་མེད་པའི་ ཚོང་འབྲེལ་ཆིངས་ཡིག་གྲོས་ཆོད་ དེ་ལས་ མཐའ་འཁོར་གནས་སྟངས་ཀྱི་སྐོར་ལས་ ཐིམ་ཕུའི་ཁས་ལེན་གྲོས་ཆོད་ཚུ་ ལག་ལེན་མ་འཐབ་པར་ཡོད་མི་ལུ་ སེམས་ཕམ་བྱུང་ནུག།

དེ་ཡང་ སཱཕ་མ་ཟེར་མི་ ལྷོ་ཨེ་ཤི་ཡ་བཀག་འཛིན་མེད་པའི་བརྡ་བརྒྱུད་ལས་ཚོགས་ཀྱིས་ སེམས་སྒོ་ཡངས་དྲགས་དང་ ས་མཚམས་སྒོ་ཕྱེ་ཟེར་བའི་ བརྗོད་དོན་ཐོག་ལུ་ ལྷོ་ཨེ་ཤི་ཡ་དང་ སྤྱི་མཐུན་གྱི་ འཆར་སྣང་ཟེར་མི་ ཉིན་གྲངས་༤ གི་རིང་ ཞལ་འཛོམས་ཅིག་ ཚོགས་པའི་ཤུལ་ལུ་ སཱཕ་མ་ཨམ་རིཊ་སར་-ལ་ཧོར་ཁས་ལེན་གྲོས་ཆོད་ཅིག་ བཏོན་མིའི་ནང་ བློ་ཕམ་ཡོད་ལུགས་བཀོད་དེ་ སཱག་གི་ཁས་ལེན་གྲོས་ཆོད་ཚུ་ གང་མགྱོགས་སྦེ་ ལག་ལེན་འཐབ་དགོ་པའི་ ཞུ་བསྐུལ་འབད་ཡི།


སྤྱི་ཟླ་༡ པའི་ཚེས་༦ ལས་༡༠ ཚུན་འཚོགས་མི་ སཱཕ་མའི་ཞལ་འཛོམས་དེ་ དང་པ་ར་ རྒྱ་གར་པཱན་ཇབ་མངའ་སྡེ་ ཨམ་རིཊ་སར་ལུ་ ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་པའི་ཤུལ་ལུ་ སྤྱི་ཟླ་༡ པའི་ཚེས་༨ ལས་༡༠ ཚུན་ པ་ཀིསི་ཏཱན་གྱི་ཁྲོམ་སྡེ་ ལ་ཧོར་ལུ་ འགོ་འདྲེན་འཐབ་ཅི།


སྤྱི་ལོ་༢༠༠༧ ཟླཝ་༤ པའི་ནང་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ སཱག་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ཐེངས་༡༤ པ་ འཚོགས་གནང་པའི་སྐབས་ གཞུང་དང་རྒྱལ་ཁམས་ཀྱི་ དབུ་ཁྲིད་ཚུ་གིས་ ལུང་ཕྱོགས་ནང་འཁོད་ལུ་ སྦྲེལ་མཐུད་རྒྱ་བསྐྱེད་གཏང་ནི་ཨིན་མི་ལས་ དམིགས་བསལ་དུ་ མི་སེར་དང་ མི་སེར་གྱི་བར་ན་ མཉམ་འབྲེལ་དང་ སྦྲེལ་མཐུད་དམ་ཟབ་བཟོ་ནི་ ཅ་ཆས་དང་ ཞབས་ཏོག་ མི་སེར་ འཕྲུལ་རིག་ ཡོན་ཏན་ མ་རྩ་ ལམ་སྲོལ་ ཐབས་དང་གནས་སྐབས་ཚུ་ བརྗེ་སོར་དང་ ཕར་ཚུར་འཇམ་ཏོང་ཏོ་སྦེ་ ཐོབ་སྤྱོད་འབད་ཚུགསཔ་ བཟོ་ནི་སྦེ་ གྲོས་ཐག་བཅད་གནང་ཡོདཔ་ཨིན་པས།


ས་མཚམས་སྒོ་ཡངས་དྲགས་བཟོ་བ་ཅིན་ བརྒྱུད་ལམ་ཚུ་ཡང་ བཀག་ཆ་མེད་པར་ ལུང་ཕྱོགས་ཀྱི་མི་ཚུ་ རྒྱུན་འགྲུལ་འབད་ཚུགསཔ་ བཟོ་དགོ་ཟེར་ སཱཕ་མ་གཞི་བཙུགས་འབད་མི་དང་ མཐུན་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨིམ་ཏི་ཡཱཟ་ ཨ་ལམ་གྱིས་བཤད་ཅི།


ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་ནང་ སྦྲེལ་མཐུད་རྒྱ་བསྐྱེད་གཏང་དགོ་པ་ཅིན་ དབུ་ཁྲིད་ཚུ་གིས་ ཁས་ལེན་གྲུབ་མི་ གྲོས་ཆོད་ཚུ་ ངེས་པར་དུ་ ལག་ལེན་འཐབ་དགོ་ཟེར་ ཨིམ་ཏི་ཡཱཟ་ ཨ་ལམ་གྱིས་ བཤད་ཅི།


ད་རུང་ སྤྱི་ལོ་༢༠༡༠ ཟླཝ་༤ པའི་ནང་ ཐིམ་ཕུ་ལུ་ སཱག་གི་དབུ་ཁྲིད་ཞལ་འཛོམས་ཐེངས་༡༦ པ་ འཚོགས་པའི་སྐབས་ལུ་ དབུ་ཁྲིད་༨ ཀྱིས་ ལུང་ཕྱོགས་ནང་ མཐའ་འཁོར་གནས་སྟངས་མར་ཉམས་འགྱོ་མི་ལུ་ ཐུགས་ཚ་གྱང་བཞེས་ཏེ་ མཐའ་འཁོར་གནས་སྟངས་ལུ་ གནོད་སྐྱོན་མེད་པའི་ཐོག་ལས་ ཡུན་བརྟན་འཛིན་སྐྱོང་དང་ གོང་འཕེལ་ལུ་ གཙོ་རིམ་བཟུང་ནི་སྦེ་ མཐུན་གྲོས་གུ་ མཚན་རྟགས་བཀོད་གནང་ནུག།


དེ་གིས་མ་དོ་བར་ བཀག་ཆ་མེད་པའི་ ཚོང་འབྲེལ་ཆིངས་ཡིག་དེ་ཡང་ ལག་ལེན་གྱི་ དུས་ཚོད་བཟོ་མི་དང་འཁྲིལ་ དང་ལེན་འབད་དགོཔ་སྦེ་ གནས་ཚུལ་མཁན་ཚུ་གིས་ ཞུ་བསྐུལ་འབད་ཡོདཔ་ད་ སྤྱི་ལོ་༢༠༠༤ ལུ་ སཱག་གི་དབུ་ཁྲིད་ཞལ་འཛོམས་ནང་ ལྷོ་ཨེ་ཤི་ཡའི་ འཐུས་མི་རྒྱབ་ཁབ་ཚུ་གི་ནང་འཁོད་ལུ་ བཀག་ཆ་མེད་པའི་ ཚོང་འབྲེལ་ས་ཁོངས་བཟོ་ཐོག་ལས་ སྤྱི་ལོ་༢༠༡༦ ལུ་ ཚོང་འབྲེལ་འཐབ་མི་ ཅ་ཆས་ཆ་མཉམ་ལུ་ ཅ་དམ་གྱི་ཁྲལ་རྩ་ལས་ར་ མ་ཕོགཔ་སྦེ་ བཟོ་ནི་གི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།


བརྡ་བརྒྱུད་ཀྱི་ ཞལ་འཛོམས་ནང་ རྒྱལ་ཁམས་ཚུ་གིས་ འགྲོ་བ་མིའི་ གཞི་རྟེན་ཐོབ་དབང་ཚུ་ལུ་ བརྩི་མཐོང་མ་བསྐྱེད་མི་དང་ དམངས་གཙོའི་རིང་ལུགས་ཀྱི་ བྱ་རིམ་ཚུ་ རྩ་བརྟན་བཟོ་མ་ཚུགས་མི་ལུ་ཡང་ སེམས་ཕམ་ཡོད་ལུགས་བཤད་ཡོདཔ་མ་ཚད་ དྲག་ཤུགས་དབང་བཙོང་དང་ ངོ་རྒོལ་གྱི་ བྱ་ངན་ཚུ་ རྩ་མེད་བཟོ་སྟེ་ ཞི་བདེ་ལུ་ བརྩོན་དགོ་པའི་ ཞུ་བསྐུལ་ཚུ་ཡང་འབད་ཡི།


སཱག་ལུང་ཕྱོགས་ནང་ གནས་ཚུལ་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགསཔ་བཟོ་ནི་དང་ གནས་ཚུལ་མཁན་ཚུ་ཡང་ བཀག་འཛིན་ག་ནི་ཡང་མེད་པར་ འགྲུལ་བསྐྱོད་འབད་ཚུགསཔ་བཟོ་ནི་ལུ་དམིགས་ཏེ་ སྤྱི་ལོ་༢༠༠༠ ལུ་ གཞི་བཙུགས་འབད་མི་ སཱཕ་མ་གིས་ འཐུས་མི་རྒྱལ་ཁབ་ཆ་མཉམ་གྱི་ གཞུང་ཚུ་ལུ་ གནས་ཚུལ་མཁན་དང་ རྩོམ་སྒྲིགཔ་ཚུ་ལུ་ ལོ་ངོ་༢ ཀྱི་ སྐྱོད་ཐམ་གནང་དགོ་པའི་ མཁོ་འདོད་བཀོད་ཡོདཔ་མ་ཚད་ སཱག་ཨིསི་ཊི་ཀར་ཟེར་མི་ ནང་སྐྱོད་ཀྱི་ ཆོག་ཐམ་ལོགས་སུ་སྦེ་ བཟོ་མ་དགོ་པའི་ ཐོབ་ལམ་ཚུ་ཡང་ ཡར་སེང་འབད་དགོ་པའི་ ཞུ་བསྐུལ་ཡང་འབད་ཡི།


ད་ཚུན་གྱི་བར་ན་ འཐུས་མི་རྒྱལ་ཁབ་རེ་གིས་ གནས་ཚུལ་མཁན་ཚུ་ལུ་ ལོ་རེའི་ནང་ སཱག་ཨིསི་ཊི་ཀར་༡༥༠ རེ་ སྤྲོད་དོ་ཡོདཔ་ད་ འདི་བཟུམ་མའི་ ནང་སྐྱོད་ཆོག་ཐམ་ཡོད་པ་ཅིན་ རྒྱལ་ཁབ་གཞན་ཚུ་ནང་འགྱོཝ་ད་ འབྲེལ་ཡོད་རྒྱལ་ཁབ་ལས་ ནང་སྐྱོད་ཀྱི་ གནང་བ་ལོགས་སུ་སྦེ་ ཞུ་མ་དགོ་པའི་ ཕན་ཁྱད་ཡོདཔ་བཞིན་དུ་ ད་རིས་ཀྱི་ བརྡ་བརྒྱུད་ཞལ་འཛོམས་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འབྲུག་གི་གནས་ཚུལ་མཁན་༧ དེ་ཡང་ སཱག་ཨིསི་ཊི་ཀར་ཐོག་ལུ་ པ་ཀིསི་ཏཱན་ལུ་སོང་ཡི།


ཞལ་འཛོམས་དེ་ ཨམ་རིཊ་སར་ལུ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ སཱལ་མཱན་ཁུར་ཤིཌ་གིས་ འགོ་འབྱེད་འབད་ཡོདཔ་མ་ཚད་ མཇུག་བསྡུའི་རྟེན་འབྲེལ་ནང་ པ་ཀིསི་ཏཱན་གྱི་སྲིད་བློན་ ར་ཇ་ པར་བེཟ་ ཨཱཤ་རཱཕ་དེ་ སྐུ་མགྲོན་གཙོ་སྦེ་ བྱོན་གནང་ཡོདཔ་ད་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་དང་ པ་ཀིསི་ཏཱན་གྱི་ སྲིད་བློན་གཉིས་ཆ་ར་གིས་ བརྡ་བརྒྱུདཔ་ཚུ་ ལུང་ཕྱོགས་ནང་ བཀག་འཛིན་མེད་པར་ འགྲུལ་བསྐྱོད་དང་ ནང་སྐྱོད་ཆོག་ཐམ་ཚུ་ ག་དེ་དྲག་དྲག་རྒྱ་བསྐྱེད་འབད་ནི་ལུ་ རྒྱབ་སྐྱོར་ཡོད་ལུགས་ གསུངས་ཡོད་པའི་གནས་ཚུལ།

པ་ཀིསི་ཏཱན་ལས་ རིག་འཛིན་དབང་ཕྱུག།




No comments:

Post a Comment