ཀརྨ་ལྷུན་གྲུབ། |
ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ སྲིད་ཚོགས་ཚུ་གི་གྲས་ལས་ མི་སེར་དམངས་གཙོ་ཚོགས་པ་ གདམ་ཁ་རྐྱབ་དགོ་མི་དེ་ཡང་ ཚོགས་པ་དེ་གིས་ དབང་ཚད་ཕྱིར་སྤེལ་གྱི་ལྟ་བ་ལུ་ ཡིད་ཆེས་དང་ དང་འདོད་བསྐྱེད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
གནས་སྡུད་རིག་རྩལ་ནང་ རྒྱ་གར་ཏ་མིལ་ ན་ཌུ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཁར་ ཇ་པཱན་ ཊོ་ཀི་ཡོ་གི་ རྒྱལ་ཡོངས་སྲིད་བྱུས་སློབ་སྟོན་ལྟེ་བའི་ནང་ལས་ དཔལ་འབྱོར་གོང་འཕེལ་ཆོས་ཚན་ནང་ གཙུག་ལག་ཤེས་ཚད་ཡོད་མི་ ཀརྨ་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ མི་སེར་ཚུ་གིས་ དང་འདོད་བཀོདཔ་བཞིན་དུ་ ཁོ་གིས་ ངོས་ལེན་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞི་གཡོག་ནང་ ལོ་༩ ལྷགཔ་ཅིག་ ཕྱག་ཞུ་བའི་ཤུལ་ལུ་ སྲིད་དོན་ནང་ འབྲེལ་གཏོགས་འབད་ནི་དེ་ དུས་ཚོད་དང་བསྟུན་པའི་ འོས་འབབ་མཐོང་ཡི་ཟེར་ཨིན་པས།
ཁོ་གིས་ ཁྲིམས་བཟོ་ལྷན་སྡེ་ནང་ བཙག་འཐུ་ཅན་གྱི་གོ་གནས་ཐོག་ ཞི་གཡོག་དང་དྲང་ཁྲིམས་ཀྱི་ ཁྲིམས་ལུགས་བསྐྱར་གསོ་འབད་དགོཔ་ཡོད་མི་ཚུ་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
ཁོ་ལུ་དཔལ་འབྱོར་དང་ གནས་སྡུད་ཀྱི་ ཤེས་ཡོན་ཡོད་མི་དེ་ ལག་ལེན་ཐོག་ གྲོས་ཆོད་ག་ཅི་ར་བཏོན་རུང་ ཞིབ་འཚོལ་གྱི་ གནད་དོན་ལུ་གཞི་བཞག་སྟེ་ འབད་ནི་ཟེར་ཨིན་པས།
ཁོ་གི་ ཚོད་རྩིས་དང་འཁྲིལཝ་ད་ འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༡༣,༠༠ དེ་ཅིག་ ཡོད་ཟེར་ཨིནམ་ད་ གལ་སྲིད་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུའི་ནང་ལྷོད་པ་ཅིན་ ཁོ་གིས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨོ་རྒྱན་དབང་འདུས་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་སྐབས་ལས་ར་ བཅའ་མར་གཏོགས་ནི་ཨིན་རུང་ དེ་བསྒང་ གཙུག་ལག་ཤེས་ཡོན་གྱི་ གོ་སྐབས་ཐོབ་ཡོད་ནི་དེ་གིས་ ལུས་སོ་ཡི་ཟེར་ཨིན་པས།
གཞུང་འབྲེལ་ཐོག་ ཤེས་ཡོན་རྒྱ་བསྐྱེད་འབད་ནི་ ཐོབ་མི་དེ་གིས་ ཁོ་རའི་ སྲིད་དོན་གྱི་དང་འདོད་ལུ་ བར་ཆད་རྐྱབ་མས་ཟེར་ཨིན་པས།
ཁོ་གིས་ སྲིད་དོན་ནང་ འབྲེལ་གཏོགས་འབད་དེ་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་དོན་ལུ་ ཕ་གཞིས་བཙོང་སྟེ་འབད་རུང་ ཞི་གཡོག་གི་ཁྲིམས་ལུགས་ལྟར་ རྒུད་འཐུས་སྤྲོད་དེ་ འབྲེལ་གཏོགས་འབད་ནི་ཟེར་ ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment