གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་གིས་བཀོད་མི་ ཚད་གཞི་དང་མ་འཁྲིལ་བར་ ས་ཆ་བྱིན་ཡོདཔ།

༡༢/༠༡/༢༠༡༣། ༉ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ནང་སྲིན་བློན་པོ་ མི་འགྱུར་རྡོ་རྗེ་ལུ་ སྤྱི་ཟླ་༡ པའི་ཚེས་༩ ལུ་མཛད་མི་ བརྒལ་ལན་སྙན་གསན་སྐབས་ རྒྱལ་པོའི་ཞིང་ལུ་ ས་ཆ་བགོ་བཀྲམ་འབད་ནི་དེ་ དབང་ཚད་མེད་པ་ལུ་བརྟེན་ ལམ་ལུགས་དང་འཁྲིལ་ཏེ་ མ་འགྱོ་བས་ཟེར་ཨིན་པས།

བློན་པོའི་རྒྱབ་མི་གིས་ ཁྲིམས་འདུན་ལུ་ ཞུ་དོ་བཟུམ་འབད་བ་ཅིན་ ནང་སྲིད་བློན་པོ་དེ་ དེ་བསྒང་ མོང་སྒར་རྫོང་བདག་སྦེ་ སྡོད་པའི་སྐབས་ རྒྱལ་པོའི་ཞིང་ལུ་ ས་ཆ་བགོ་བཀྲམ་འབད་མི་ཚུ་ ཚད་གཞི་དང་མཐུནམ་སྦེ་ བགོ་བཀྲམ་འབད་ནུག་ཟེར་ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ ས་ཆ་བགོ་བཀྲམ་འབད་མི་ཚུ་ གཞུང་གིས་བཀོད་མི་ ཚད་གཞི་ཚུ་དང་མ་འཁྲིལ་བར་ བྱིན་ནུག་ཟེར་ཨིན་པས།


ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ བློན་པོ་མི་འགྱུར་རྡོ་རྗེ་གིས་ མནོ་ཞིང་བསམ་བཞིན་དུ་ ཞལ་འཛོམས་ཀྱི་ གྲོས་ཆོད་བཏོན་མི་ ཁོ་ར་ཨིན་རུང་ ཐོབ་ཁུངས་མེད་རུང་ རྒྱལ་པོའི་ཞིང་ལུ་ ས་ཆ་སྤྲོད་ནུག་ཟེར་ཨིནམ་ད་ ཚད་གཞི་དེ་ཡང་ མི་སྡེའི་ཞབས་ཏོག་ལྷན་ཁག་གིས་ སྤྱི་ལོ་༡༩༩༡ ལུ་གནང་མི་ བཀའ་རྒྱ་དང་འཁྲིལ་ཏེ་ བགོ་བཀྲམ་འབད་དགོཔ་ཨིན་རུང་ དེ་དང་མ་འཁྲིལ་བས་ཟེར་ཨིན་པས།

དེ་མ་ཚད་ སྤྱི་ལོ་༡༩༩༩ གི་ ཁྲོམ་སྡེ་ལས་འཛིན་གྱི་ བཅའ་ཁྲིམས་དང་ཡང་ མ་འཁྲིལ་བས་ཟེར་ཨིནམ་ད་ རྫོང་བདག་བརྒྱུད་དེ་ གནང་མི་ བཀའ་རྒྱ་ནང་འབད་རུང་ ས་ཆ་བགོ་བཀྲམ་དེ་ དང་པ་ར་ རྒྱལ་པོའི་ཞིང་གི་ས་གནས་དེ་ནང་ ལག་ཁྱེར་འཆང་སྟེ་ ཚོང་རྐྱབ་སྡོད་མི་ཚུ་ལུ་དང་ གཉིས་པ་ ས་གནས་དེ་ཁར་ཁྱིམ་རྐྱབ་སྡོད་མི་ དེ་ལས་ མཇུག་ར་ གཞན་མི་ཚུ་ལུ་ བགོ་བཀྲམ་འབད་དགོ་ཟེར་ བཀའ་རྒྱ་ནང་གསལ་རི་རི་སྦེ་ བཀོད་དེ་ཡོད་རུང་ ད་ལྟོའི་གནས་སྟངས་བཟུམ་ཅིག་ནང་འབད་བ་ཅིན་ གཞུང་གིས་གནང་མི་བཀའ་རྒྱ་ཚུ་ལས་ འགལ་ནུག་ཟེར་ཨིན་པས།


མ་གཞི་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་འབད་རུང་ རང་མོས་རྣམ་དག་གི་ཐོག་ལས་ ས་གནས་དེ་ཁའི་མི་སེར་ཚུ་ལུ་ གཞུང་གིས་བཀོད་མི་ ཚད་གཞི་དང་འཁྲིལ་ཏེ་ བགོ་བཀྲམ་འབད་དགོཔ་ཅིག་ཨིན་རུང་ འཐུས་མི་ཚུ་གིས་ གཅིག་མཐུན་གྱི་ འགན་ཁུར་མ་འབག་པར་ དགའ་དགའཝ་སྦེ་ སྤྲོད་ནུག་ཟེར་ཨིན་པས།


དེ་མ་ཚད་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ སྤྱི་ལོ་༢༠༠༡ ལུ་ ཞབས་ཏོག་ལྷན་ཁག་འོག་ ཁྲོམ་སྡེ་གོང་འཕེལ་གྱི་ ཡོངས་ཁྱབ་མདོ་ཆེན་གྱི་ བཀའ་རྒྱ་དང་ཡང་མ་འཁྲིལ་བར་ བགོ་བཀྲམ་འབད་ཡོདཔ་ལས་ མོང་སྒར་ཁྲོམ་སྡེ་ལས་འཛིན་ལུ་ ས་ཆ་བགོ་བཀྲམ་འབད་ནིའི་དབང་ཚད་ཡོད་པ་ཅིན་ གཞུང་གིས་ དེ་བཟུམ་གྱི་ བཀའ་རྒྱ་ཡང་ གནང་དགོཔ་མིན་འདུག་ཟེར་ཨིནམ་ད་ དེ་བཟུམ་གྱི་ བཀའ་རྒྱ་གནང་མི་དེ་ར་ དབང་ཚད་མེད་ཟེར་བའི་ བརྡ་མཚོན་ཨིན་ཟེར་ཨིན་པས།


ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞུ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་འབད་རུང་ ས་ཆ་དེ་ རྒྱལ་ཁབ་ཀྱི་རྒྱུ་ནོར་ངོ་མ་དང་ རྩ་ཆེ་ཧིང་ལུ་གཟིགས་ཏེ་ ས་ཆའི་སྐྱིད་སྡུག་གནང་ནི་དེ་ མི་དབང་མངའ་ཞབས་མཆོག་ སྐུ་ཉག་རྐྱང་གིས་མ་གཏོགས་ གཞན་ག་དང་ག་གིས་ཡང་ སྤྲོད་མ་ཆོག་པའི་ བཀའ་རྒྱ་ཚུ་གནང་ནུག་ཟེར་ཨིན་པས།


དེ་ཡང་ སྤྱི་ལོ་༡༩༨༠ དང་༡༩༨༥ སྤྱི་ལོ་༡༩༨༧ དང་༡༩༩༡ དེ་ལས་༢༠༠༣ ལུ་ཡང་ བཀའ་རྒྱ་གནང་ཡོདཔ་མ་ཚད་ བཀའ་རྒྱ་ཡང་བསྐྱར་གནང་མི་དེ་ཡང་ མི་དབང་མཆོག་གིས་ ཐུགས་ཀྱི་ཚ་གྱང་བཞེས་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།


ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ མོང་སྒར་རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་ ཁོ་ར་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་ཅིག་ཨིནམ་ལས་ དེ་བསྒང་ མོང་སྒར་དང་ དགྲ་མེད་རྩེ་གྲྭ་ཚང་དང་ བུམ་ཐང་ མཁར་ཆུ་གྲྭ་ཚང་ དེ་ལས་ སྒེར་སྡེ་ཚུ་ལུ་ སྤྱི་ལོ་༢༠༠༥ ལུ་ ས་ཆ་བགོ་བཀྲམ་འབད་མི་ཚུ་ གཞུང་གིས་བཀོད་མི་ ཚད་གཞི་དང་མ་འཁྲིལ་བར་འདུག་ཟེར་ ཉེས་འཛུགས་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment