༡༢/༠༡/༢༠༡༣། ༉ སྤྱི་ཟླ་༡ པའི་ཚེས་༡༠ ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ མི་སེར་མང་ཤོས་ཅིག་གིས་ར་ ཕུན་ཚོགས་གླིང་ལུ་ སྡོད་ཁྱིམ་གྱི་ དཀའ་ངལ་ཡོད་པའི་སྐོར་ལས་ ཞུ་བ་འབད་ཡོདཔ་ཨིན་པས།
བློན་ཆེན་གྱིས་ ཕུན་ཚོགས་གླིང་ ཨ་མོ་ཆུ་ལུ་བརྟེན་ ཉམས་རྒུད་བྱུང་མི་མི་སེར་ཚུ་དང་གཅིག་ཁར་ ཕྱད་པར་བྱོན་ཡོདཔ་ད་ ཕུན་ཚོགས་གླིང་གི་ཞི་གཡོགཔ་དང་ ལས་འཛིན་གྱི་ལས་བྱེདཔ་ ཚོང་འབྲེལ་བ་ དེ་ལས་ ས་གནས་ནང་སྡོད་མི་ དག་པ་ཅིག་དང་གཅིག་ཁར་ ཕྱད་གནང་ཡོདཔ་ཨིན་པས།
བློན་ཆེན་གྱིས་ དཀའ་ངལ་དེ་ལུ་ བལྟ་ནི་སྦེ་གསུངས་ཡོདཔ་མ་ཚད་ འཆར་ལོ་༡༡ པའི་ནང་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ བསལ་ནིའི་དོན་ལུ་ ཕུན་ཚོགས་གླིང་གི་ཁྲོམ་སྡེ་གིས་ འཆར་གཞི་ག་ཅི་ར་བརྩམ་རུང་ དེ་ལུ་ ངོས་ལེན་འབད་འོང་ཟེར་ གསུངས་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་གིས་འབད་བ་ཅིན་ ས་གནས་ནང་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ཐོན་ཏེ་ ལོ་ངོ་ལེ་ཤ་ཅིག་ ལང་ཡོདཔ་ཨིན་རུང་ ད་ལྟོ་ཐབས་ཤེས་ཚུ་ བཏོན་མ་ཚུགས་པར་ཡོདཔ་ལས་ ཁོང་ཆ་ཁྱབ་ རྒྱལ་ཁབ་ཀྱི་ས་མཚམས་ཁྲོམ་སྡེ་ནང་ སྡོད་ཡོད་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ཡོད་པའི་ ཁྱིམ་མང་ཤོས་ཅིག་ ཁྲོམ་སྡེའི་ནང་ ཚོང་རྐྱབ་སྡོད་མི་ རྒྱ་གར་གྱི་ཚོང་པ་ཚུ་གིས་ གང་ཡོདཔ་ལས་ སྡོད་གནས་ཚུ་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
ཕུན་ཚོགས་གླིང་ལས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཚོང་པའི་འཐུས་མི་ ཕུན་ཚོགས་དབང་འདུས་ཀྱིས་འབད་བ་ཅིན་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ལུ་བརྟེན་ འོང་འབབ་ཆུང་བའི་ཞི་གཡོགཔ་ཚུ་ལུ་ གནོད་པ་བྱུང་དོ་ཡོདཔ་ལས་ དཀའ་ངལ་དེ་ འཕྲལ་མགྱོགས་ར་ བསལ་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་སྡོད་མི་ རྡོ་རྗེ་པདྨ་གིས་སླབ་མིའི་ནང་ ཁྲོམ་ཁར་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་ཡོད་མི་ལུ་བརྟེན་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁང་གླའི་བཅའ་ཁྲིམས་དང་མ་འཁྲིལ་བར་ ཁང་གླ་ཚུ་ ཡར་སེང་འབད་དོ་ཡོདཔ་ལས་ གཞུང་གིས་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ཚུ་གི་སྐོར་ལས་ མནོ་བསམ་གཏང་དགོཔ་ འདུག་ཟེར་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ འཛིན་སྐྱོང་པ་ ཚེ་རིང་དཔལ་འབྱོར་གྱིས་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤༦.༦ བཏང་ཐོག་ལས་ ཁང་ཚན་༨ རེ་འབད་མི་ སྒྲིང་ཁྱིམ་༣ རྐྱབ་པའི་བསྒང་ཡོད་མི་ཚུ་ དུས་ཅི་ སྤྱི་ཟླ་༣ པའི་ནང་ བསྒྲུབ་ཚུགས་ཟེར་ཨིན་པས།
བློན་ཆེན་གྱིས་ དཀའ་ངལ་དེ་གི་སྐོར་ལས་ ལྟ་དགོཔ་སྦེ་ བཀའ་གནང་མི་ ཁྲོམ་སྡེའི་འགོ་དཔོན་ཅིག་གིས་འབད་བ་ཅིན་ མ་གཞི་ ཞི་གཡོགཔ་ཚུ་ལུ་ སྡོད་ཁྱིམ་རྐྱབ་བྱིན་ནིའི་དབང་ཚད་ ཁོང་ལུ་མེད་རུང་ བཟོ་སྐྲུན་གྱི་དོན་ལུ་ ས་ཆ་ལེན་ནི་དང་ ཉོགས་མེད་ལག་ཁྱེར་སྤྲོད་ནིའི་ནང་ ཤུགས་བཏོན་འོང་ཟེར་ཨིན་པས།
ཆོས་ཉིད་རྡོ་རྗེ་གིས་འབད་བ་ཅིན་ ལས་འཛིན་གྱི་ སྒྲིང་ཁྱིམ་ནང་ལས་ སྒེར་མི་ཚུ་ཐོན་འགྱོ་དགོཔ་སྦེ་ ལོག་ཅི་ར་སླབ་ཡོདཔ་མ་ཚད་ ཁྲིམས་འདུན་ལས་ བཀའ་རྒྱ་ཚུ་ཡང་ ལྷོད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྱིམ་གཞན་འཐོབ་ད་རྐྱངམ་གཅིག་ སྒྲིང་ཁྱིམ་དེ་ནང་ལས་ ཐོན་འགྱོ་ནི་ཨིན་རུང་ ཁྱིམ་མ་འཐོབ་ཚུན་ དེ་ཁ་ལས་ འགྱོ་ཐབས་མིན་འདུག་ཟེར་ཨིན་པས།
ཚེ་རིང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་ཆ་ཁྱབ་ སྒྲིང་ཁྱིམ་དེ་ནང་ལས་ ཐོན་སོང་ཟེར་ སླབ་དགོ་མི་དེ་ཡང་ ལས་འཛིན་གྱི་སྒྲིང་ཁྱིམ་ཚུ་ནང་ ཞི་གཡོགཔ་ཚུ་མ་གཏོགས་ གཞན་མི་ཚུ་ སྡོད་མ་ཆོག་ནི་དེ་གིས་ ཨིན་ཟེར་སླབ་ནུག།
མི་སེར་ལ་ལུ་ཅིག་གིས་ ཕུན་ཚོགས་གླིང་ལུ་ འབྲུག་མི་ཚུ་གི་མིང་ཐོ་ཁར་ཡོད་པའི་ ཚོང་གི་ལག་ཁྱེར་ཚུ་ ལག་ལེན་འཐབ་ཐོག་ལས་ ཕྱི་མི་ཚུ་གིས་ ཚོང་འབྲེལ་འཐབ་སྡོད་པའི་ གནས་སྟངས་ཀྱི་སྐོར་ལས་ཡང་ ཞུ་བ་འབད་ཡོདཔ་བཞིན་དུ་ བློན་ཆེན་གྱིས་ གནད་དོན་ཚུ་གི་སྐོར་ལས་ ཐིམ་ཕུ་ལུ་སྦེ་ ལོ་རྒྱུས་སླབ་འོང་ཟེར་ གསུངས་ཡོད་པའི་གནས་ཚུལ།
No comments:
Post a Comment