བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ སའི་ཇོ་བདག་ཚུ་ལུ་ གསལ་བཤད་གནང་པའི་བསྒང་། |
ལས་འགུལ་ནང་ཚུད་མི་ སའི་ཇོ་བདག་ཚུ་ཡང་ ཆུ་ཁ་རྫོང་ཁག་གི་ རྒེད་འོག་༢ དང་ བསམ་རྩེ་རྫོང་ཁག་གི་ རྒེད་འོག་༣ གྱི་ མི་སེར་ཚུ་ ཡོདཔ་ཨིན་པས།
བློན་ཆེན་མཆོག་གིས་ ཁ་ཙ་ བསམ་རྩེ་རྟ་ལྡིང་ལུ་འཛོམས་མི་ མི་སེར་ཚུ་ལུ་ ཕྱི་ཁའི་གྲོགས་རམ་ཚུ་ བཤོལ་བཞག་འབད་དོ་ཡོདཔ་བཞིན་དུ་ གློག་མེ་ལས་འགུལ་དེ་ རྒྱལ་ཁབ་རང་མགོ་རང་འདྲོངས་བཟོ་ཐབས་ལུ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ནའི་སྐོར་ལས་ གསལ་བཤད་གནང་ཡོདཔ་ཨིན་པས།
བློན་ཆེན་མཆོག་གིས་ གསུངས་མིའི་ནང་ ལས་འགུལ་དེ་ལུ་བརྟེན་ ལཱ་གཡོག་གི་ གོ་སྐབས་བཟོ་ཚུགསཔ་མ་ཚད་ ལྟ་བཤལ་གྱི་གོ་སྐབས་ཡར་སེང་གཏང་ཚུགས་པའི་ཁར་ དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་སྦོམ་ཡོད་ཟེར་ཨིནམ་ད་ སའི་ཇོ་བདག་ཚུ་གི་ རྒུད་འཐུས་ཐད་ཁར་ གཞུང་གིས་ དུས་ཚོད་ཁར་གནང་འོང་ཟེར་ཨིནམ་ད་ དེ་ཡང་ ལས་འགུལ་གྱིས་ སའི་ཇོ་བདག་ཚུ་ལས་ ས་ཆ་མ་ལེན་པའི་ཧེ་མར་ རྒུད་འཐུས་ཚུ་ སྤྲོད་འོང་ཟེར་ཨིན་པས།
ཨ་མོ་ཆུ་ལས་འགུལ་གྱིས་ ཆུ་ཁ་རྫོང་ཁག་གི་ ཕུན་ཚོགས་གླིང་དང་ ལོག་ཅི་ནང་རྒེད་འོག་གི་ གཡུས་ཚན་༢༡ དང་ བསམ་རྩེ་རྫོང་ཁག་གི་ ལྡན་ཅི་ཁ་དང་ རྟ་ལྡིང་ རྡོ་ཕུ་ཅན་རྒེད་འོག་༣ གྱི་ གཡུས་ཚན་༡༢ ཀྱི་ ཁྱིམ་གུང་ཡོངས་བསྡོམས་༢༧༦ གྱི་ ས་ཆ་ཚུ་ ལས་འགུལ་ནང་ཚུདཔ་ཨིན་པས།
ཁྱིམ་གུང་༢༧༦ གི་ བཟའ་ཚང་༡,༧༢༦ ལུ་ ལས་འགུལ་དེ་ལུ་བརྟེན་ གནས་སྤོ་དགོཔ་འཐོན་ནི་ཨིན་མིའི་ནང་ ཕོ་སྐྱེས་༨༨༨ དང་ ཨམ་སྲུ་༨༣༨ ཡོདཔ་ཨིན་པས།
ལས་འགུལ་དེ་གི་དོན་ལུ་ ས་ཆ་ཨེ་ཀར་༥,༠༡༧.༡༤ དགོས་མཁོ་ཐོན་ཡོདཔ་ད་ དེ་གི་ནང་ལས་ ས་ཆ་ཨེ་ཀར་༡,༣༦༦.༤༩ གཡུས་མི་ཚུ་གི་ སྒེར་ས་ཚུ་ཨིནམ་ད་ ལས་འགུལ་གྱི་ སྙན་ཞུ་དང་འཁྲིལཝ་ད་ ས་ཆ་ཨེ་ཀར་༥༠ འཕྲལ་ར་དགོཔ་སྦེ་ ཡོདཔ་ཨིན་པས།
སའི་ཇོ་བདག་ཚུ་ལུ་ རང་སོའི་ བློ་འདོད་ལྟར་ རྒུད་འཐུས་ཏི་རུ་དགོ་མི་ལུ་ ཏི་རུ་དང་ ས་ཚབ་དགོ་མི་ལུ་ ས་ཚབ་སྤྲོད་ནི་ཟེར་ཨིནམ་ད་ ཨིན་རུང་ སའི་བཅའ་ཁྲིམས་༢༠༠༩ ཅན་མ་དང་འཁྲིལ་ ས་ཆ་ཌིས་མཱལ་༡༠ མན་ཆད་འབད་མི་ཚུ་ལུ་ རྒུད་འཐུས་ཏི་རུ་མ་གཏོགས་ ས་ཚབ་མི་ཐོབ་ཟེར་ཨིན་པས།
སའི་ཇོ་བདག་ མང་ཤོས་ཅིག་གིས་ ས་ཚབ་ཀྱི་ མཁོ་འདོད་བཀོད་ཡོདཔ་མ་ཚད་ ཁྱིམ་གུང་ལ་ལུ་གི་ ས་ཆ་ཌིས་༡༠ གྱི་ འོག་རྒྱུ་ཡོད་མི་ ལ་ལུ་ཅིག་གིས་ཡང་ ས་ཚབ་དགོ་པའི་མཁོ་འདོད་བཀོད་པའི་ཁར་ ས་ཚབ་ཚུ་ ཁོང་རའི་ ས་ཆའི་སྦོ་ལོགས་ཁར་ དགོ་ནི་དང་ རྒུད་འཐུས་ཚུ་ཡང་ དུམ་གྲ་ཅིག་ ཡར་སེང་གནང་དགོ་པའི་ ཞུ་བ་ཕུལ་ཡོདཔ་ཨིན་པས།
རྡོ་ཕུ་ཅན་རྒེད་འོག་གི་རྒཔོ་ ཅན་ད་ར་ པར་སཱད་ ཕུ་ཡེལ་གྱིས་ སླབ་མིའི་ནང་ ཁོང་གི་གཡུས་ཚན་ཚུ་ནང་ མི་སེར་ཚུ་གིས་ ལོ་རེ་ནང་ ལོ་ཐོག་ཐེངས་༣ བསྡུ་ནི་ཡོདཔ་ལས་ དེ་དང་བསྟུན་པའི་རྒུད་འཐུས་ ག་དེ་སྦེ་ཐོབ་ག་ཟེར་ དྲི་བ་ཞུ་བའི་ལན་ལུ་ བཀོད་ཁྱབ་མདོ་ཆེན་ ཚེ་དབང་རྒྱལ་པོ་གིས་ སླབ་མིའི་ནང་ རྒུད་འཐུས་ཚུ་ བཅའ་ཁྲིམས་དང་བསྟུན་ཏེ་ གནང་ནི་ཨིན་པའི་ཁར་ གནད་དོན་རེ་རེ་བཞིན་དུ་ ལྟ་ཞིབ་འབད་དེ་ འོས་འབབ་དང་བསྟུན་པའི་ རྒུད་འཐུས་ཐོབ་ཚུགསཔ་ འབད་འོང་ཟེར་བཤད་ཅི།
ས་གནས་ཀྱི་མི་སེར་ཚུ་གིས་ ལས་འགུལ་དེ་ལུ་བརྟེན་ ས་ཆ་ཨེ་ཀར་རེ་ལུ་ གློག་མེ་ཡུ་ནིཊ་༡༠,༠༠༠ དང་ ཡང་ཅིན་ ས་ཆ་ཌིས་རེ་ལུ་ གློག་མེ་ཡུ་ནིཊ་༡༠༠ རེ་ རིན་མེད་སྟོང་པར་ འཐོབ་ཟེར་ཨིནམ་ད་ རིན་མེད་སྟོང་པར་ཐོབ་མི་གློག་མེ་དེ་ རང་ལག་ལེན་མ་འཐབ་པ་ཅིན་ ལས་འགུལ་ལུ་ བཙོང་ཆོག་པའི་ཁར་ གློག་མེ་ཀི་ལོ་ཝཱཊ་རེ་ལུ་ དངུལ་ཀྲམ་༤.༢༥ འཐོབ་ནི་ཨིན་པས།
དེ་མ་ཚད་ སའི་ཇོ་བདག་ཚུ་གིས་ ས་ཆ་དེ་ ལས་འགུལ་ལུ་བྱིན་ཚར་ཏེ་འབད་རུང་ ལས་འགུལ་གྱིས་ ལག་ལེན་འཐབ་ནི་འགོ་མ་བཙུགས་ཚུན་ཚོད་ བཟའ་སྤྱོད་འབད་ཆོག་ཟེར་བཤད་ཅི།
དུས་ཡུན་ཆུ་ཚོད་༥ དེ་ཅིག་གི་རིང་ གྲོས་འཛོམས་གནང་བའི་ཤུལ་ལུ་ སའི་ཇོ་བདག་ཚུ་གིས་ ཁོང་རའི་ ས་ཆ་ཚུ་ ལས་འགུལ་ལུ་ བྱིན་ནི་གི་ ཁས་བླངས་འབད་ཡོདཔ་མ་ཚད་ སའི་ཇོ་བདག་ཚུ་ལུ་ཡོད་པའི་ དོགས་པ་ཚུ་ཡང་ བསལ་ཚུགས་ཡོདཔ་ད་ གོ་བརྡ་འཕྲོད་ནིའི་དོན་ལུ་ ལྷོ་མཚམས་ཀྱི་ ཁ་སྐད་ཐོག་ གྲོས་འཛོམས་འབད་ཡོདཔ་ཨིན་པས།
གློག་ཤུགས་མེ་ག་ཝཱཏ་༥༤༠ འབད་མི་ ལས་འགུལ་དེ་ལུ་ དངུལ་ཀྲམ་དུང་ཕྱུར་༤༣ དེ་ཅིག་ གནས་ནི་ཨིནམ་ད་ སྔོན་འགྲོའི་ལཱ་ཚུ་ རྒྱ་གར་དང་ འབྲུག་གཞུང་གི་བར་ན་ ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་ཤུལ་ལས་ འགོ་བཙུགས་ནི་ཨིནམ་མ་ཚད་ ལས་འགུལ་དེ་ ཟླཝ་༦༦ གི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་པའི་གནས་ཚུལ།
No comments:
Post a Comment