གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡིད་འཛིན་སྡེ་ཚན་གྱིས་ འབྲུག་པཱོལ་སྡེ་ཚན་ ཕམ་བཏང་ཡོདཔ།

འབྲུག་པཱོལ་(ཁེན་འཇར་སེརཔོ་)གྱིས་ ཡིད་འཛིན་སྡེ་ཚན་ལུ་ གཱོལ་བཙུགས་སག་ས་འབད་བའི་བསྒང་།
 ༡༤/༠༡/༢༠༡༣། ༉ ཀོ་ཀ་ཀོ་ལ་འབྲུག་རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་འགོ་བཙུགས་ཏེ་ ད་ལྟོ་ཚུན་ འབྲུག་པཱོལ་སྡེ་ཚན་གྱིས་ གཞན་མི་སྡེ་ཚན་༣ ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་རུང་ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ རྩེད་འགྲན་འབདཝ་ད་ ཡིད་འཛིན་སྡེ་ཚན་གྱིས་ གཱོལ་༢ བཙུགས་ཏེ་ ཕམ་བཏང་ཡོདཔ་ཨིན་པས།

དེ་ཡང་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༣༠ དེ་ཅིག་ཚུན་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ ཡིད་འཛིན་སྡེ་ཚན་གྱིས་ རྩེད་འགྲན་འབད་མི་ཚུ་གི་བར་ན་ བཱོལ་སྒྲིག་ཐངས་ལེགས་ཤོམ་ཡོད་པའི་ཁར་ བྱང་ཕྱད་སྡེ་ཚན་གྱི་ ཕྱོགས་ཁ་ཐུག་ལུ་ དོ་འགྲན་དམ་དམ་འབད་ཡི།

ཡིད་འཛིན་སྡེ་ཚན་གྱི་ གཡོན་ཕྱོགས་རྒྱབ་སྲུང་འབད་མི་ ཚེ་རིང་དབང་འདུས་ཀྱིས་ བྱང་ཕྱད་སྡེ་ཚན་གྱི་ གཱོལ་བཙུགས་སའི་ས་ཁོངས་ནང་ ལྷོདཔ་བཞིན་དུ་ རྩེད་ཐང་ལྟེ་བ་ལས་ ཆ་རོགས་ཅིག་གིས་ བྱང་ཕྱད་སྡེ་ཚན་གྱི་ གཡོན་ཕྱོགས་ཁ་ཐུག་ལུ་ བཱོལ་བཏོན་བྱིན་བཞིན་དུ་ ཨིསི་ཊེ་ཀར་གྱིས་ རིག་རྩལ་དང་ བཱོལ་གཞན་མི་ལས་ འཕྱོག་འབག་ནིའི་ ལྕོགས་གྲུབ་བཏོན་ཏེ་ ཚེ་རིང་དབང་འདུས་ལུ་ སྤྲོད་དེ་ གཱོལ་དང་པ་དེ་ དུས་ཡུན་སྐར་མ་༣༥ འི་ནང་ བཙུགས་ཡོདཔ་ཨིན།


འགོ་བཙུགས་པའི་ཤུལ་ལས་ཡང་ སྡེ་ཚན་གྱིས་ ད་རུང་ གཱོལ་བཙུགས་ནིའི་དོན་ལུ་ གཞན་མི་སྡེ་ཚན་ལུ་ བཱོལ་སྤྲོད་མ་བཅུག་པར་ ཁོང་རའི་ རྩེད་འགྲན་འབད་མིའི་ནང་འཁོད་ལུ་ བཱོལ་དེ་ གཡས་ཕྱོགས་རྩེད་འགྲན་པ་དེ་གིས་ སྦུག་གི་རྩེད་འགྲན་པ་དེ་ལུ་སྤྲོད་ཞིནམ་ལས་ ཁོ་གིས་ གཡོན་ཁ་ཐུག་གི་ རྒྱབ་སྲུང་པ་དེ་ལུ་ སྤྲོད་དོ་བཟུམ་སྦེ་ ཁོ་གིས་ སྦུག་རྩེདཔ་ལུ་ བཏོན་བྱིན་ཏེ་ སྟབས་བདེ་ཏོག་ཏོ་ བཟོ་བྱིན་ཡོདཔ་ཨིན་པས།


ཨིན་རུང་ བྱང་ཕྱད་སྡེ་ཚན་ འབྲུག་པཱོལ་གྱི་ རྩེད་འགྲན་འབད་མི་ཚུ་གིས་ དོ་འགྲན་འབད་དེ་ ཡིད་འཛིན་སྡེ་ཚན་གྱི་ ས་ཁོངས་ནང་ བཱོལ་འདྲུད་བདའ་སྟེ་འབད་རུང་ གཱོལ་བཙུགས་མ་ཚུགས་པར་ དུས་ཡུན་སྐར་མ་༤༥ ཚང་སོ་ཡི།


ལོག་རྩེད་འགྲན་འགོ་བཙུགས་པའི་སྐབས་ འབྲུག་པཱོལ་སྡེ་ཚན་གྱི་ རྩེད་འགྲན་འབད་མི་ཚུ་གིས་ གདོང་ཁ་ལས་རྩེ་མི་དང་ སྦུག་རྩེདཔ་ དེ་ལས་ བར་ན་སྐོརམ་ལས་ རྩེ་མི་ཚུ་གིས་ རིག་རྩལ་དང་ ལྕོགས་གྲུབ་ཚུ་ མ་འདྲཝ་སྦེ་བཏོན་ཏེ་ ཡིད་འཛིན་སྡེ་ཚན་གྱི་ཕྱོགས་ལུ་ ཤུགས་ཆེ་སུ་སྦེ་ རྩེད་འགྲན་འབད་ཡོདཔ་བཞིན་དུ་ ཚར་ལེ་ཤ་ཅིག་ར་ གཱོལ་བཙུགས་ནི་འབད་ཡོད་རུང་ བཱོལ་བཟུང་མི་དང་ རྒྱབ་སྲུང་འབད་མི་ཚུ་གིས་ བཏང་མ་བཏུབ་པར་ རྩེད་འགྲན་དམ་དམ་འབད་ཡི།


འབྲུག་པཱོལ་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ རྩེད་འགྲན་འབད་མི་ཚུ་གི་ མིང་བཏོན་ཏེ་ རྩེད་འགྲན་དུས་ཚོད་ཁར་ འབད་དགོ་པའི་སྐོར་ལས་ སྐད་རྐྱབ་ཡོདཔ་མ་ཚད་ གལ་སྲིད་ཕྱོགས་༢ ཀྱི་དྲང་དཔོན་ལུ་ འཛོལ་བ་དུམ་དྲ་རེ་འཐོན་པ་ཅིན་ མ་བཏུབ་པའི་སྐྱོན་བརྗོད་འབད་བའི་སྐབས་ ཡིད་འཛིན་སྡེ་ཚན་ལུ་ རྒྱབ་སྐྱོར་འབད་མི་ཚུ་ སེམས་ཁར་མ་འབབ་པར་ ཁ་ཤགས་རྐྱབ་ཐོག་ལས་ རྩེདམོ་རྩེ་ཡི།


དུས་ཡུན་སྐར་མ་༧༥ ལངམ་ད་ འབྲུག་པཱོལ་སྡེ་ཚན་གྱིས་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་བཙུགས་ནི་སྦེ་ དོ་འགྲན་འབད་སྡོད་པའི་བར་ན་ བྱང་ཕྱད་སྡེ་ཚན་གྱི་ གཡས་ཕྱོགས་རྒྱབ་སྲུང་པ་དེ་གིས་ བཱོལ་འཕྱོག་འབག་སྟེ་ འབྲུག་པཱོལ་གི་ གཡོན་ཕྱོགས་ལས་ བཏོན་བྱིན་ཡོདཔ་བཞིན་དུ་ སྦུག་རྩེདཔ་ཀུན་ལེགས་ཚེ་རིང་གིས་ཐོབ་སྟེ་ བཱོལ་བཙུགས་སའི་ས་ཁོངས་ནང་བདའ་སྟེ་ རྐྱབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱི་ རྒྱབ་སྲུང་པའི་ མགུ་ཏོ་གུ་ཕོག་སྟེ་ ཁོ་རའི་ སྡེ་ཚན་ལུ་ གཱོལ་བཙུགས་ཡོདཔ་ཨིན།


ཡིད་འཛིན་སྡེ་ཚན་གྱིས་ གཱོལ་༢ བཙུགས་པའི་ཤུལ་ལུ་ འབྲུག་པཱོལ་སྡེ་ཚན་གྱིས་ ག་དེམ་ཅིག་ དོ་འགྲན་འབད་རུང་ དོ་མཉམ་མ་ཚུགསཔ་ལས་ རྩེད་འགྲན་འབད་མིའི་སྡེ་ཚན་༣ ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཨིན་རུང་ ཡིད་འཛིན་གྱིས་ ད་རེས་ ཕམ་སོ་མི་དེ་ འགོ་ཐོག་ཨིན་པས།


འབྲུག་པཱོལ་སྡེ་ཚན་གྱི་ སློབ་སྟོན་པ་ སངས་རྒྱས་རིན་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ རྩེད་འགྲན་འབད་མི་ཚུ་གིས་ རྩེད་འགྲན་ལེགས་ཤོམ་འབད་ཡོདཔ་ཨིན་རུང་ རྩེད་འགྲན་པ་ཚུ་གིས་ ཆ་རོགས་ལུ་ བཱོལ་སྤྲོད་པའི་སྐབས་ འཐུས་ཤོར་སོཔ་ལས་ རྒྱལ་ཁ་ཐོབ་མ་ཚུགས་ཟེར་ཨིན་པས།


དེ་བཟུམ་སྦེ་ ཡིད་འཛིན་སྡེ་ཚན་ལས་ མཉམ་རོགས་འཇིགས་མེད་བསྟན་འཛིན་གྱིས་འབད་བ་ཅིན་ ད་ཚུན་གྱི་བར་ན་ རྩེད་འགྲན་འབད་མི་ལས་ རྩེད་འགྲན་ལེགས་ཤོམ་དེ་ ཁ་ཙ་རྐྱངམ་གཅིག་ རྩེད་ཚུགས་ཡི་ཟེར་ཨིནམ་ད་ བྱང་ཕྱད་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ སླབ་ཨིན་པས།


གཟིམ་སྒྲ་སྡེ་ཚན་གྱིས་ གཱོལ་༢ བཙུགས་ཡོད་རུང་ ཕུན་ཚོགས་གླིང་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ གཱོལ་༣ བཙུགས་ཏེ་ ཕམ་ཡོདཔ་ད་ ཨྱོན་རིག་པའི་འབྱུང་གནས་སྡེ་ཚན་གྱིས་ གཱོལ་༨ བཙུགས་ཏེ་ བསམ་རྩེ་སྡེ་ཚན་ ཕམ་བཏང་ཡོདཔ་བཞིན་དུ་ བསམ་རྩེ་སྡེ་ཚན་གྱིས་ སྤུ་ན་ཁའི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགས་པའི་གནས་ཚུལ།

བཀྲི་ཕུན་ཚོགས།

No comments:

Post a Comment