ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚལ་ལུ་ཕྱིར་ཚོང་འཐབ་མི་ཚུ་ལུ་ ཚལ་ལུའི་མཛོད་ཁང་སྦེ་ ལག་ལེན་འཐབ་མི་ ས་ཆའི་དོན་ལུ་ ཁང་གླ་ཚུ་ སྤྲོད་དགོཔ་སྦེ་ ཧེ་མ་ལས་ར་ སླབ་ཡོད་རུང་ ད་ལྟོ་ཕྱིར་ཚོང་པ་ ཕུད་རྡོག་༡ གིས་ཡང་ ཁང་གླ་མ་སྤྲོད་ཟེར་ཨིན་པས།
ཚལ་ལུ་ཕྱིར་ཚོང་འཐབ་མི་ཚུ་གིས་ ཚལ་ལུའི་མཛོད་ཁང་སྦེ་ ལག་ལེན་འཐབ་མི་ ས་ཆའི་མཐོང་སྣང་། |
ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཚལ་ལུ་དོས་རྐྱབ་ནི་དང་ སྣུམ་འཁོར་ནང་ བཙུགས་བཏོན་འབད་ནི་ཚུ་གི་དོན་ལུ་ ལག་ལེན་འཐབ་མི་ ས་ཆ་དེ་ སྤྱི་ལོ་༢༠༡༡ ཚུན་ རིན་མེད་སྟོང་པར་སྦེ་ ལག་ལེན་འཐབ་ཡོདཔ་ཨིན་པས།
ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་ མཐར་ཕྱིན་ལྷུན་གྲུབ་ཀྱིས་ ཀུན་གསལ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ འབྲུག་ཕྱིར་ཚོང་ཚོགས་པ་ལས་ འགོ་བཙུགས་ཏེ་ ཕྱིར་ཚོང་འཐབ་མི་ག་ར་ལུ་ ཁང་གླ་སྤྲོད་དགོ་པའི་སྐོར་ལས་ ཚར་༢ དྲན་བསྐུལ་འབད་རུང་ ལན་གསལ་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འགོ་དང་པ་ ཁང་གླ་སྤྲོད་དགོ་པའི་སྐོར་ལས་ གྲོས་བསྡུར་འབད་བའི་སྐབས་ འབྲུག་ཕྱིར་ཚོང་ཚོགས་པ་གིས་ ཁ་བཟེད་ཡི་ཟེར་ཨིན་པས།
བཀོད་ཁྱབ་དྲུང་ཆེན་གྱིས་འབད་བ་ཅིན་ ཁྲོམ་སྡེའི་ཁ་ཐུག་ལས་ ཁང་གླ་དེ་ ཕྱིར་ཚོང་འཐབ་མི་ཚུ་ལུ་ ངེས་པར་དུ་ བཀལ་ནི་ཟེར་ སླབ་ཡོདཔ་མ་ཚད་ ཡིག་ཚང་འབད་རུང་ ཁྲལ་བསྡུ་ལེན་འབད་མི་དེ་ལུ་བརྟེན་ཏེ་ ཡུན་བརྟན་སྦེ་ བཞག་དགོཔ་ཨིན་ཟེར་ཨིན་པས།
ཁང་གླའི་ཐད་ཁར་ ཧེ་མ་ གྲོས་བསྡུར་འབད་དོ་བཟུམ་སྦེ་ར་ གྲུ་བཞི་ཕིཊ་རེ་ལུ་ དངུལ་ཀྲམ་༥ རེ་ སྤྲོད་དགོཔ་བཞིན་དུ་ དེ་ཡང་ ཟླཝ་རེ་ནང་ ཚར་རེ་སྦེ་ སྤྲོད་དགོཔ་ཨིན་ཟེར་ ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
མཐར་ཕྱིན་ལྷུན་གྲུབ་ཀྱིས་ བཤད་མི་དང་འཁྲིལཝ་ད་ ཕྱིར་ཚོང་འཐབ་མི་ཚུ་ལས་ ཁང་གླ་བསྡུ་ལེན་འབད་མི་དེ་གིས་ ཚལ་ལུའི་མཛོད་ཁང་ཚུན་ འགྲོ་འགྲུལ་འབད་ནིའི་ སྣུམ་འཁོར་ལམ་ཚུ་ བཅོ་ཁ་རྐྱབ་ནི་ནང་ རྒྱུན་སྐྱོང་འཐབ་ནི་ཟེར་ སླབ་པའི་ཤུལ་ལུ་ ཁོང་གིས་ ཁ་བཟེད་ཡོདཔ་ཨིན་རུང་ ད་ལྟོ་ ཁང་གླ་སྤྲོད་རན་པའི་བསྒང་ལས་ སྣང་མེད་སྐྱུར་བཞགཔ་མས་ཟེར་ཨིན་པས།
ཁྲོམ་སྡེའི་འཆར་གཞི་འགོ་དཔོན་ ཚེ་རིང་ཕུན་ཚོགས་ཀྱིས་འབད་བ་ཅིན་ གཞུང་གི་ལམ་ལུགས་དང་འཁྲིལ་བ་ཅིན་ ག་དེམ་ཅིག་སྦེ་ གཞུང་ས་ལག་ལེན་འཐབ་པ་ཅིན་ ཁྲལ་དང་ ཡང་ཅིན་ ཁང་གླ་དེ་ ངེས་པར་དུ་ སྤྲོད་དགོ་ཟེར་ཨིན་པས།
ཨིན་རུང་ ཕྱིར་ཚོང་འཐབ་མིའི་ ཡོངས་ཁྱབ་དྲུང་ཆེན་ ཚེ་རིང་ཡེ་ཤེས་ཀྱིས་ སླབ་མིའི་ནང་ གནད་དོན་དེ་ ལྷན་ཁག་ནང་ བཏང་ཡོདཔ་བཞིན་དུ་ ད་ལྟོ་ ལན་གསལ་འཐོབ་ནི་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་སྡེ་ལས་འཛིན་གྱིས་ ཕྱིར་ཚོང་འཐབ་མི་ཚུ་ལས་ ཁང་གླ་བསྡུ་ལེན་འབད་དེ་ འཁོར་ལམ་ཉམས་བཅོས་འབད་ནི་ཨིན་པ་ཅིན་ ཧེ་མ་ལས་ བསྡུ་ལེན་འབད་དེ་ ཉམས་བཅོས་འབད་རུང་ བཏུབ་པས་ཟེར་ཨིན་པས།
ཚེ་རིང་ཡེ་ཤེས་ཀྱིས་ སླབ་མི་དང་འཁྲིལཝ་ད་ ཚལ་ལུའི་ཚོང་འབྲེལ་དེ་ གནས་སྐབས་ཅིག་གི་དོན་ལུ་ཨིནམ་ལས་ འོས་འབབ་ཅིག་ མ་མཐོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕྱིར་ཚོང་འཐབ་མི་ཚུ་ལས་ ཁང་གླ་བསྡུ་ལེན་འབད་དེ་ ཁྲོམ་སྡེ་ལུ་ སྤྲོད་ནི་སྦེ་ ཁ་མ་བཟེད་བའི་ཁར་ ཚོགས་པ་དེ་ ཕྱིར་ཚོང་འཐབ་མི་ཚུ་ལུ་ ཞབས་ཏོག་མཁོ་སྤྲོད་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་འབད་བ་ཅིན་ ཁྲོམ་སྡེ་ལས་འཛིན་གྱིས་ ཁང་གླ་དེ་ ཧེ་མའི་ གན་རྒྱ་དང་འཁྲིལ་ཏེ་ སྤྲོད་དགོ་ཟེར་ སླབ་ཡོདཔ་ཨིན་རུང་ ཁོང་གིས ག་ཅི་བཟུམ་གྱི་ གན་རྒྱ་བཟོ་ཡོདཔ་ཨིན་ནའི་སྐོར་ལས་ མི་ཤེས་ཟེར་ཨིན་པས།
ཚལ་ལུ་ཕྱིར་ཚོང་གི་ ཚོང་འབྲེལ་དེ་ དུས་ཅི་ ལེགས་ཤོམ་མེདཔ་ལས་བརྟེན་ དུས་ཅི་ ལོ་༡ གི་དོན་ལུ་ ཁང་གླ་ཡངས་ཆག་འབད་དགོཔ་སྦེ་ གསོལ་བཏབ་འབད་ཡི་ཟེར་ཨིན་པས།
ད་ལྟོ་ ཚལ་ལུ་ཕྱིར་ཚོང་གི་ལཱ་ཚུ་ ཕུན་ཚོགས་གླིང་ ཨ་མོ་ཆུའི་མཐའ་མར་ འབད་དོ་ཡོདཔ་ཨིན་རུང་ གཏན་འཇགས་ཀྱི་ ཚལ་ལུའི་མཛོད་ཁང་དགོཔ་ཁག་ཆེ་བས་ཟེར་ ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment