སྨན་བཅོས་འབད་ཚར་མི་ རོ་ཁྱི། |
ཁྲོམ་སྡེ་ལས་འཛིན་གྱི་ འཆར་གཞི་འགོ་དཔོན་ དགེ་ལེགས་ནོར་བུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༡ པའི་ཚེས་༡༤ ལུ་ ས་འཇལ་ནིའི་ལཱ་ཚུ་ཡང་ ག་ར་མཇུག་བསྡུ་ཡོདཔ་ལས་ སྒོ་ནོར་ལས་ཁུངས་ཀྱི་ བཟོ་སྐྲུན་འཆར་གཞི་ཚུ་ ཆ་འཇོག་འབད་ཡི་ཟེར་ཨིན་པས།
སྒོ་ནོར་འཕྲོད་བསྟེན་ཁང་ བཟོ་སྐྲུན་འབད་ནིའི་དོན་ལུ་ འོས་འབབ་ལྡན་པའི་ས་ཁོངས་ཅིག་ མ་ཐོབ་མི་ལུ་བརྟེན་ ལོ་ངོ་དག་པ་ཅིག་ དེ་སྦེ་ར་ ཕྱིར་འགྱངས་སྦེ་ ལུས་སོང་ཡི་ཟེར་ཨིན་པས།
ད་ལྟོ་ ཆུ་བར་ཆུ་ལུ་ཡོད་མི་ སྒོ་ནོར་འཕྲོད་བསྟེན་ལྟེ་བ་དེ་ སྒོ་ནོར་འགོ་དཔོན་ཚུ་གིས་ འབད་བ་ཅིན་ སྤྱི་ལོ་༡༩༦༡ ནང་ ས་ཆ་ཌེ་སི་མཱལ་༨༠ འི་ཐོག་ལུ་སྦེ་ བཟོ་སྐྲུན་འབད་ནུག་ཟེར་ཨིན་པས།
སྒོ་ནོར་འགོ་དཔོན་ཚུ་གིས་ ཀུན་གསལ་ལུ་བཤད་དོ་བཟུམ་འབད་བ་ཅིན་ སྒོ་ནོར་འཕྲོད་བསྟེན་ཁང་ གསརཔ་བཟོ་བསྐྲུན་ འབད་ནི་ཨིན་མི་དེ་ སྒྲིང་ཁྱིམ་ཐོག་ཚད་༥ སྦེ་ བཟོ་བསྐྲུན་འབད་ནི་ཨིནམ་བཞིན་དུ་ སྒོ་ནོར་འཕྲོད་བསྟེན་གྱི་ ཐོན་སྐྱེད་ག་ར་ ཚངམ་སྦེ་ བཙུགས་འོང་ཟེར་ཨིན་པས།
སྒོ་ནོར་འཕྲོད་བསྟེན་ཁང་གསརཔ་གི་ བཟོ་བཀོད་རྐྱངམ་གཅིག་གི་དོན་ལུ་ར་ དངུལ་ཀྲམ་ས་ཡ་༡ ཟད་འགྲོ་བཏང་ཡོདཔ་བཞིན་དུ་ འཕྲོད་བསྟེན་ཁང་དེ་ནང་ སྒོ་ནོར་གཤག་བཅོས་ཁང་དང་ ནདཔ་ལྟ་རྟོག་ཁང་ ཞལ་འཛོམས་ཁང་དེ་ལས་ དཔེ་མཛོད་ཁང་ཚུ་ ཡོདཔ་ཨིན་པས།
སྒོ་ནོར་འཕྲོད་བསྟེན་ཁང་དེ་གིས་ དུས་ཡུན་ཆུ་ཚོད་༢༤ གི་རིང་ལུ་ ཞབས་ཏོག་ཚུ་ མཁོ་སྤྲོད་འབད་ནི་ཨིནམ་བཞིན་དུ་ རྐྱེན་ངན་གི་ཅི་བཟུམ་ཐོན་ཏེ་འབད་རུང་ འཕྲོད་བསྟེན་ཁང་དེ་ནང་ལས་ སྨན་བཅོས་འབད་ནི་ཟེར་ སྒོ་ནོར་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཡོད་མི་ སྒོ་ནོར་འཕྲོད་བསྟེན་ཁང་ནང་ ཁང་མིག་ཆུང་ཀུ་༨ ཡོད་ས་ལས་ ཁང་མིག་༣ རྐྱངམ་གཅིག་ གཤག་བཅོས་དང་ ལྟ་རྟོག་ཁང་ དེ་ལས་ སེམས་ཅན་བརྟག་དཔྱད་འབད་ནིའི་དོན་ལུ་ ལག་ལེན་འཐབ་ཨིན་ཟེར་ཨིན་པས།
ཆུ་བར་ཆུ་ལུ་ཡོད་མི་ སྒོ་ནོར་འཕྲོད་བསྟེན་ཁང་དེ་ནང་ ཉིནམ་རེ་ལུ་ སེམས་ཅན་༨ དེ་ཅིག་ སྨན་བཅོས་ཀྱི་དོན་ལུ་ འབག་འོང་དོ་ཡོདཔ་ད་ གནམ་བྱཱར་གྱི་སྐབས་ལུ་ འཆོལ་ནད་བཀག་ཐབས་ཀྱི་ སྨན་བཅོས་འབད་མི་གིས་ ཉིནམ་རེ་ནང་ སྒོ་ནོར་སེམས་ཅན་༡༥ དེ་རེ་ ལྷོད་ནི་ཡོད་ཟེར་ཨིན་པས།
སྒོ་ནོར་འཕྲོད་བསྟེན་ཁང་གསརཔ་ བཟོ་སྐྲུན་འབད་ནིའི་ མ་དངུལ་དངུལ་ཀྲམ་ས་ཡ་༦༨ འབད་མི་དེ་ ལོ་ལྔའི་འཆར་བཞི་༡༠ པའི་ནང་ རྒྱ་གར་གཞུང་གིས་ གྲོགས་རམ་བྱིན་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་འབད་བ་ཅིན་ སྒོ་ནོར་འཕྲོད་བསྟེན་ཁང་གི་ ཞབས་ཏོག་ཚུ་ ཁྲོམ་ཁ་ལས་ཐག་རིང་སར་ གཞི་བཙུགས་འབད་དགོཔ་སྦེ་ཨིན་རུང་ སོ་ནམ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ དེ་བཟུམ་མའི་མཐུན་རྐྱེན་ཚུ་ ཁྲོམ་གྱི་ཉེ་འདབས་ལུ་ བཟོ་སྐྲུན་འབད་དགོཔ་སྦེ་སླབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁྲོམ་སྡེའི་འཆར་གཞི་འགོ་དཔོན་གྱིས་ བཤད་མི་དང་འཁྲིལཝ་ད་ མི་མང་ཤོས་ཅིག་གིས་ སྒོ་ནོར་འཕྲོད་བསྟེན་ཁང་དེ་ ཁྲོམ་གྱི་ཉེ་འདབས་ལུ་དགོཔ་སྦེ་ཨིན་རུང་ ད་ལྟོ་ མུ་ཏིག་ཐང་ལུ་ གདམ་ཁ་རྐྱབ་སྟེ་ཡོད་མིའི་ ས་ཁོངས་དེ་ནང་ར་ དྲག་པས་ཟེར་ཨིན་པས།
ལས་འཛིན་ཅིག་ནང་ ལཱ་འབད་མི་ པདྨ་གིས་འབད་བ་ཅིན་ ཐིམ་ཕུ་ཁྲོམ་དེ་ ཡར་རྒྱས་མགྱོགས་པར་འགྱོ་ནི་དེ་གིས་ སེམས་ཅན་ རྟ་དང་ནོར་ཚུ་ མར་ཉམས་འགྱོ་མི་ལུ་བརྟེན་ སྒོ་ནོར་ལས་ཁུངས་ཀྱི་ལཱ་ཚུ་ཡང་ མར་བབས་འགྱོཝ་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment