གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཱསི་ཀེཌ་བཱོལ་གྱི་སྡེ་ཚན་བཟོ་དོན་ལུ་ བཅའ་མར་གཏོགས་མི་ཉུང་སུ་ཅིག་ལས་མེདཔ།

༡༦/༡/༢༠༡༣   ༉ འབྲུག་རྒྱལ་ཁབ་ནང་ ལག་རྩེད་བཱསི་ཀེཌ་བཱོལ་ རྩེད་འགྲན་འབད་མི་ སྡེ་ཚན་བཟོ་ནིའི་དོན་ལུ་ ད་ཚུན་ འབྲུག་བཱསི་ཀེཌ་བཱོལ་ཚོགས་སྡེའི་ནང་ ཐོ་བཀོད་འབད་མི་ ཕོ་སྐྱེས་སྡེ་ཚན་༩ དང་ ཨམ་སྲུ་སྡེ་ཚན་༡ ལས་བརྒལ་ མེདཔ་ཨིན་པས།
ན་གཞོན་སྡེ་ཚན་གྱིས་ བཱསི་ཀེཌ་བཱོལ་རྩེད་འགྲན་འབད་བའི་བསྒང་།


འབྲུག་བཱསི་ཀེཌ་བཱོལ་ཚོགས་པའི་ནང་ བཱསི་ཀེཌ་བཱོལ་རྩེད་འགྲན་གྱི་ སྡེ་ཚན་བཟོ་ནིའི་དོན་ལུ་ སྤྲོ་བ་དང་ དང་འདོད་ཡོད་མི་ ན་གཞོན་༡༥༠ ལྷགཔ་ཅིག་གིས་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ ན་གཞོན་ཚུ་གི་ མི་ཚེ་ཡུན་བརྟན་གནས་ཐབས་དང་ བཱོལ་རྩེད་འགྲན་ནང་ རིག་རྩལ་ཅན་དང་ ལྕོགས་གྲུབ་ཅན་བཟོ་ཐབས་ལུ་ དམིགས་གཏད་བསྐྱེད་དེ་ཨིན་པས།
ད་ལས་ཕར་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ བཱསི་ཀེཌ་བཱོལ་འགྲན་བསྡུར་ འགོ་འདྲེན་འཐབ་ནི་ཨིནམ་ལས་ བཅའ་མར་གཏོགས་མི་ན་གཞོན་དང་ དད་འདོད་ཅན་གྱི་མི་ངོ་ཚུ་གིས་ རྩེད་འགྲན་འབད་ནིའི་ནང་ ལྕོགས་གྲུབ་ཡར་རྒྱས་བཏང་ཚུགས་པའི་ཁར་ ལག་རྩལ་ ཤེས་ཡོན་ གཟུགས་སྟོབས་ཚུ་ ལེགས་ཤོམ་བཞག་ཚུགསཔ་མ་ཚད་ མི་ཚེ་ཡང་ འདི་ལུ་བརྟེན་ཏེ་ སྡོད་ཚུགས་པའི་འོས་འབབ་སྦོམ་ཡོདཔ་ཨིན་པས།
ད་ཚུན་ འགོ་འདྲེན་འཐབ་མི་ བཱསི་ཀེཌ་བཱོལ་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ འཇིགས་མེད་ཀྱིས་ སླབ་མི་དང་འཁྲིལཝ་ད་ ཁོ་ བཱསི་ཀེཌ་རྩེད་འགྲན་འབད་ནི་ལུ་ སྤྲོ་བ་ཡོད་པའི་ཁར་ ཁོ་རའི་སྡེ་ཚན་གཅིག་ཡོད་མི་གིས་ ནང་འཁོད་འགྲན་བསྡུར་རྐྱངམ་གཅིག་མེན་པར་ ལྷོ་ཨེ་ཤེ་ཡའི་རྩེད་འགྲན་ནང་ཡང་ བཅའ་མར་གཏོགས་ཚུགས་པའི་ གོ་སྐབས་འདུག་ཟེར་ཨིན་པས།
རྩེད་འགྲན་པ་ ཀརྨ་གིས་འབད་བ་ཅིན་ སྤྲོ་བ་དང་ དང་འདོད་ཡོད་མི་ན་གཞོན་ཚུ་གིས་ རྒྱལ་ཁབ་ནང་ འགྲན་བསྡུར་འགོ་འདྲེན་འཐབ་ཡོད་རུང་ འཛུལ་འཐུས་མཐོ་སུ་སྦེ་ཡོད་མི་ལུ་བརྟེན་ བཅའ་མར་གཏོགས་མ་ཚུགས་པ་ ལུསཔ་མས་ཟེར་ཨིན་པས།
འབྲུག་བཱསི་ཀེཌ་བཱོལ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ མཚོ་སྐྱེས་རྡོ་རྗེ་གིས་ སླབ་མིའི་ནང་ སྡེ་ཚན་གྱི་དོན་ལུ་ ཐོ་བཀོད་སྒོ་ཕྱེ་སྟེ་ཡོདཔ་ལས་ ད་ཚུན་ ཕོ་སྐྱེས་སྡེ་ཚན་༩ དང་ ཨམ་སྲུ་སྡེ་ཚན་གཅིག་གིས་ ཐོ་བཀོད་འབད་ཡོདཔ་ད་ རྩེད་འགྲན་དེ་ སྤྱི་ཟླ་༢ པའི་ནང་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
སྡེ་ཚན་ཚུ་གིས་ རྩེད་འགྲན་ནང་བཅའ་མར་གཏོགས་ནིའི་འཛུལ་འཐུས་ དངུལ་ཀྲམ་༢༠༠༠ བཙུགས་དགོ་པའི་ཁར་ རྩེད་འགྲན་པ་ ཁ་སྐོང་ཚུ་གི་དོན་ལུ་ འཐུས་དངུལ་ཀྲམ་༢༠༠ རེ་བཙུགས་དགོཔ་སྦེ་ཡོདཔ་ལས་ སྡེ་ཚན་ནང་ རྩེད་འགྲན་པ་༡༢ རེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྡེ་ཚན་དེ་ ཡུན་བརྟན་གནས་ཐབས་ལུ་ འཛིན་སྐྱོང་འགོ་དཔོན་དང་ སྡེ་ཚན་གཙོ་འཛིན་འགོ་དཔོན་ སློབ་སྟོན་པ་ དེ་ལས་ དྲང་དཔོན་རེ་དགོཔ་ཡོདཔ་ད་ འབྲུག་བཱསི་ཀེཌ་ཚོགས་པའི་ཁ་ཐུག་ལས་ དགོས་མཁོ་ཆེ་བའི་ མཐུན་རྐྱེན་གྱི་ཞབས་ཏོག་ དཔེ་འབད་བ་ཅིན་ སློབ་སྦྱོང་དང་ སྦྱོང་བརྡར་ལས་རིམ་ དེ་ལས་ འགོ་ཁྲིདཔ་ཚུ་ བྱིན་འོང་ཟེར་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཕུཊ༌བཱོལ་རྩེད་འགྲན་བཟུམ་སྦེ་ བཱསི་ཀེཌ་བཱོལ་རྩེད་འགྲན་ཡང་ འགོ་འདྲེན་འཐབ་ནི་ཨིན་པའི་ཁར་ རྩེད་འགྲན་དྲག་ཤོས་འཐོན་མི་ སྡེ་ཚན་དེ་ ལྷོ་ཨེ་ཤེ་ཡའི་འགྲན་བསྡུར་ནང་ བཅའ་མར་གཏོགས་ནིའི་གོ་སྐབས་ཡོད་ཟེར་ ཡོངས་ཁྱབ་དྲུང་ཆེན་ མཚོ་སྐྱེས་རྡོ་རྗེ་གིས་ བཤདཔ་ཨིན་པས། 
བང་ལ་དེཤ་ལུ་སྦེ་ ཨེ་ཤེ་ཡཱན་ བཱསི་ཀེཌ་བཱོལ་འགྲན་བསྡུར་ ཐེངས་༢ པ་ འགོ་འདྲེན་འཐབ་ནི་ཨིན་མིའི་ནང་ རྒྱལ་ཡོངས་ཀྱི་ ཕོ་སྐྱེས་སྡེ་ཚན་ཚུ་ཡོདཔ་ད་ འགྲན་བསྡུར་དེ་ནང་ བང་ལ་དེཤ་དང་ རྒྱ་གར་ ཨཔ་ག་ནིསི་ཊཱན་ ཤྲི་ལངྐ་ པ་ཀིསི་ཊཱན་ མཱལ་དེབསི་ ནེ་པཱལ་ དེ་ལས་ འབྲུག་རྒྱལ་ཁབ་ཚུ་གིས་ ཉིན་གྲངས་༥ འི་རྩེད་འགྲན་དེ་ ནངས་པ་ལས་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment