གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཚོགས་བཙག་འཐུའི་དོན་ལུ་ སྔོན་འགྲོའི་བཙག་འཐུ་ འགོ་འདྲེན་འཐབ་དགོཔ་འབྱུང་ནི།

༣/༡/༢༠༡༣   ༉ འབྲུག་མི་ཚུ་གིས་ དུས་ཅི་འགོ་དང་པ་ སྤྱི་ཚོགས་བཙག་འཐུའི་དོན་ལུ་ ཚོགས་རྒྱན་ཐེངས་༢ པ་ བཙུགས་དགོཔ་འཐོན་ནི་ཨིན་མི་དེ་ཡང་ འདས་པའི་སྤྱི་ཟླ་༡༢ པའི་ཚེས༣༡ ལུ་ དང་འདོད་ཅན་གྱི་ སྲིད་ཚོགས་༢ ཀྱི་ ཐོ་བཀོད་ཆ་འཇོག་གྲུབ་ཡོདཔ་ལས་ རྒྱལ་ཁབ་ནང་ ཐོ་བཀོད་ཅན་གྱི་ སྲིད་ཚོགས་༤ གིས་ བཙག་འཐུའི་དོན་ལུ་ བཙོན་ཤུགས་བསྐྱེད་ནི་ཨིན་པས།


ད་ལྟོ་ཡོད་མི་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་དང་གཅིག་ཁར་ བཙག་འཐུ་ལྷན་ཚོགས་ཀྱི་ ཐོ་བཀོད་ཆ་འཇོག་འབད་མི་ལུ་བརྟེན་ བྷུ་ཊཱན་ཀུན་མཉམ་པར་ཊི་དང་ འབྲུག་སྤྱིར་དབང་ཚོགས་པ་༢ ཡང་ ཐོ་བཀོད་ཅན་གྱི་ སྲིད་ཚོགས་ཀྱིས་ ངོས་འཛིན་འབད་ཡོདཔ་ཨིན་པས།
ཨིན་རུང་ ཐོ་བཀོད་གྲུབ་མི་ སྲིད་ཚོགས་གསརཔ་༢ ཀྱིས་ དུས་ཅི་ སྤྱི་ཚོགས་བཙག་འཐུའི་ནང་ བཅའ་མར་གཏོགས་ཆོག་པའི་དོན་ལུ་ གནད་དོན་དག་པ་ཅིག་ ཁ་གསལ་བཟོ་དགོཔ་ཡོདཔ་ཨིན་པས།
དེ་ཡང་ སྲིད་ཚོགས་ཀྱི་ རྩ་ཁྲིམས་དང་ མ་དངུལ་གྱི་རྩིས་ཁྲ་ དེ་ལས་ ཚོགས་པའི་རྒྱལ་ཡོངས་བཀོད་ཁྱབ་ཚོགས་ཆུང་གི་ འཐུས་མི་ཚུ་གི་ མིང་ཐོ་ཚུ་ ལྷན་ཚོགས་ལུ་ ཕུལ་དགོཔ་ཨིན་པས།
དེ་བཟུམ་སྦེ་ སྲིད་ཚོགས་གསརཔ་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ ཚོགས་པའི་འདེམས་ཁོངས་ཀྱི་ འདེམས་ངོ་༤༧ གྱི་ མིང་ཐོ་ཚུ་ ལྷན་ཚོགས་ལུ་ གསལ་བཀོད་འབད་དགོཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་གིས་ ཚོགས་པའི་ལས་རྟགས་དེ་ བདེ་སྲུང་གི་ ལས་རྟགས་དང་ཆ་འདྲཝ་སྦེ་ མཐོང་མི་དེ་ བསྒྱུར་བཅོས་འབད་དགོཔ་ཨིན་པའི་ཁར་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་ ཞི་གཡོག་དང་ དམག་སྡེ་ལ་སོགས་པའི་ མི་ངོ་བཙག་འཐུའི་ཁྲིམས་ལུགས་ནང་ བཀག་ཆ་འབད་ཡོད་མི་ཚུ་ ཐོ་བཀོད་འབད་མ་ཆོགཔ་ལས་ ཚོགས་པའི་རྩ་ཁྲིམས་ནང་ འབྲུག་མི་ག་འབད་རུང་ ཚོགས་པའི་འཐུས་མི་སྦེ་ ཐོ་བཀོད་འབད་ཆོག་ཟེར་མི་དེ་ དག་བཅོས་འབད་དགོཔ་ཨིན་པས།
ཐོ་བཀོད་གྲུབ་མི་དེ་ ཚོགས་པའི་བརྩོན་ཤུགས་ཀྱི་ གྲུབ་འབྲས་ཅིག་ཨིན་པའི་ ངོས་འཛིན་ཐོག་ བྷུ་ཊཱན་ཀུན་མཉམ་པར་ཊི་གི་ གནས་སྐབས་གཙོ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཚོགས་པ་གིས་ ཐོ་བཀོད་གྲུབ་མི་ལུ་ སྤྲོ་བ་བྱུང་ཡོད་རུང་ ཐོ་བཀོད་དང་གཅིག་ཁར་ འགན་འཁྲི་སྦོམ་སྦེ་ར་འོངམ་ཨིནམ་ལས་ ཚ་གྱང་ཡང་ ཐེབས་ར་ཕོག་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ རྩ་བ་གསུམ་ལུ་ ཕྱག་ཞུ་ནི་གི་དོན་ལུ་ རང་དོན་བློས་བཏང་ཐོག་ལས་ བརྩོན་ཤུགས་བསྐྱེད་དེ་ ཐོ་བཀོད་གྲུབ་མི་དང་བསྟུན་ གཞུང་དང་ མི་སེར་གྱི་མཐའ་དོན་ལུ་དམིགས་པའི་ དམིགས་དོན་ཚུ་ འགྲུབ་ཚུགསཔ་འབད་ནི་གི་ ཁས་བླངས་ཡོད་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ སླབ་མིའི་ནང་ ཐོ་བཀོད་གྲུབ་མི་དེ་གིས་ ཚོགས་པའི་འཐུས་མི་ག་ར་གི་སེམས་ཁར་ སྤྲོ་བ་དང་ དགའ་སྤྲོ་བྱུང་ཡི་ཟེར་ཨིན་པས།
དེ་འབདཝ་ད་ བཙག་འཐུའི་དོན་ལུ་ ཟླཝ་༣ དེ་ཅིག་ལས་ མེད་ནི་དེ་གིས་ ཚོགས་པ་གིས་ བརྩོན་ཤུགས་ཐེབས་བསྐྱེད་དེ་ ལཱ་འབད་དགོཔ་ཡོད་ཟེར་བཤད་ཅི།
དེ་དང་གཅིག་ཁར་ ད་རུང་ དང་འདོད་ཅན་གྱི་ སྲིད་ཚོགས་ཅིག་ཨིན་མི་ འབྲུག་མཉམ་རུབ་ཚོགས་པ་གིས་ཡང་ འདས་པའི་སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ བཙག་འཐུ་ལྷན་ཚོགས་ལུ་ ཐོ་བཀོད་ཀྱི་ ཞུ་ཡིག་བཙུགས་ཏེ་ ད་ལྟོ་ ལྷན་ཚོགས་ཀྱིས་ སྲིད་ཚོགས་དེ་གི་ ཡིག་རིགས་ཚུ་ བསྐྱར་ཞིབ་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།
 
བསམ་གཏན་ཡེ་ཤེས།

No comments:

Post a Comment