ཤི་རྐྱེན་བྱུང་མི་ཚུ་གི་གྲས་ལས་༢ སྤྱི་ཟླ་༡ པའི་ཚེས་༡ ལུ་ སྤུ་ན་ཁ་རྫོང་ཁག་སྨན་ཁང་ནང་ གྱོང་སོཔ་ཨིན་པས།
དབང་འདུས་ཕོ་བྲང་རྫོང་ཁག་ དགའ་སེང་ལོ་ལས་ སྐྱེས་ལོ་༨༠ ལང་མི་ ཨང་རྒས་དེ་ དབུགས་གཏོང་ལེན་གྱི་ ནད་གཞི་ཐོབ་མི་ལུ་བརྟེན་ རྫོང་ཁག་སྨན་ཁང་ནང་ སྨན་བཅོས་འབད་དེ་ ཉིནམ་༤ སོང་བའི་ཤུལ་ལུ་ རེས་གཟའ་ལྷག་པའི་ཕྱི་རུ་ཤི་ཡོདཔ་ཨིན་པས།
དབང་ཆེན་ཞུ་མི་ཚུ་གི་དོན་ལུ་ གསོ་བའི་ཞབས་ཏོག་སྒྲུབ་སའི་ས་གོ། |
དེ་ལས་ སྤ་རོ་ལས་ སྐྱེས་ལོ་༨༢ ལང་མི་ ཨ་རྒས་དེ་ ཆབ་གསང་བཤལ་ནད་ཐོབ་སྟེ་ཤི་ཡོདཔ་ད་ དེ་གི་ཧེ་མར་ སྤྱི་ཟླ་༡༢ པའི་ཚེས་༢༦ ལུ་ སྤུ་ན་ཁ་ལས་ སྐྱེས་ལོ་༥༨ ལང་མི་ ཨམ་སྲུ་དེ་ ཁྲག་ཤུགས་ཀྱི་ ནད་ཡོདཔ་ལས་ རྫོང་ཁག་སྨན་ཁང་ལས་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ས་གནས་འཕྲིན་ལས་སྒང་ལུ་ལྷོདཔ་ད་ ཤི་སོཔ་ཨིན་པས།
ཌོག་ཊར་ཆོས་གྲགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཤི་རྐྱེན་དེ་ཡང་ ལོ་ན་རྒས་མི་ལུ་བརྟེན་ བྱུང་ནུག་ཟེར་ཨིནམ་ད་ མི་སྤུངས་འཛོམས་འབད་སར་ རྒན་རྒས་ཚུ་ ཚ་རིམས་བཟུམ་མའི་ ནད་ཅིག་ཐོབ་རུང་ ཤི་ནིའི་ཉེན་ཁ་ཡོད་མི་དེ་ཡང་ གཟུགས་ཀྱི་སྟོབས་ཤུགས་ཉམས་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།
ཐང་བཟང་ནང་ལུ་ དབང་གནང་སར་ གསོ་བའི་ཞབས་ཏོག་ཚུ་ ས་གོ་༣ ལས་བྱིན་དོ་ཡོདཔ་ད་ དེ་ནང་ལས་ སྨན་དང་ཞབས་ཏོག་ལེན་མི་ ཨ་རྟག་ར་ དབང་ཞུ་མི་༥༠༠ དང་༨༠༠ ཀྱི་བར་ན་ འོང་དོ་ཡོདཔ་ཨིན་པས།
ས་གོ་དེ་ནང་ལས་ སྨན་གྱི་རིགས་ཚངམ་སྦེ་ ཐོབ་ཚུགསཔ་མ་ཚད་ གསོ་བའི་མཁས་མཆོག་༡༤ ཡོདཔ་ད་ གློ་བུར་དུ་ན་མི་ ནདཔ་བཞག་ས་དང་ ཁྲག་བརྟག་དཔྱད་འབད་ས་ དེ་ལས་ ནདཔ་ཚབས་ཆེན་ ཉམས་ཚད་ལས་བརྒལ་བཏགས་མི་དང་འབྲེལ་བའི་ནད་ ཁྲག་ཤུགས་དང་ གུ་རམ་ནད་ལ་སོགས་པ་ཚུ་ བརྟག་དཔྱད་འབད་ནིའི་དོན་ལུ་ འཕྲུལ་ཆས་ཚུ་ཡོད་པའི་ཁར་ ནང་པའི་སྨན་རིགས་ཀྱི་ ཞབས་ཏོག་ཚུ་ཡང་ ཐོབ་ཚུགས་པས།
གློ་བུར་གྱི་དོན་ལུ་ ནདཔ་སྐྱེལ་ལེན་སྣུམ་འཁོར་ཅིག་ཡང་ཡོདཔ་ད་ ཌོག་ཊར་ཆོས་གྲགས་རྒྱལ་མཚན་གྱིས་འབད་བ་ཅིན་ ཨ་རྟག་ར་ དྲན་མེད་བརྒྱལ་མི་ རེ་གཉིས་ཐོན་དོ་ཡོདཔ་ལས་ དེ་ཚུ་ སྨན་ཁང་ནང་ སྐྱེལ་ནིའི་དོན་ལུ་ སྣུམ་འཁོར་དེ་ ངེས་པར་དུ་ དགོ་པས་ཟེར་ཨིན་པས།
ཌོག་ཊར་གྱིས་འབད་བ་ཅིན་ དབང་ཞུ་མི་ཚུ་གི་དོན་ལུ་ གསོ་བའི་ཞབས་ཏོག་དེ་ དབང་གནང་སར་རྐྱངམ་གཅིག་ལུ་མིན་པར་ སྤུ་ན་རྫོང་ཁག་སྨན་ཁང་ནང་ ཕྱི་རུའི་ཆུ་ཚོད་༣ ལས་༨ ཚུན་བྱིན་དོ་ཡོདཔ་ལས་ དེ་ནང་ཡང་ ཉིནམ་རེ་ལུ་ ནདཔ་༥༠༠ དེ་ཅིག་ འོངམ་མས་ཟེར་ཨིན་པས།
ཌོག་ཊར་ཆོས་གྲགས་རྒྱལ་མཚན་གྱིས་ མི་སྤུངས་འཛོམས་འབད་སར་ ནད་གཞི་འདྲ་མ་འདྲཝ་ལེ་ཤ་འཐོབ་ནིའི་ ཉེན་ཁ་ཡོདཔ་ལས་ གཟུགས་ཁམས་ཧིང་སངས་ས་ བཞག་དགོ་པའི་ཁར་ བཞེས་སྒོ་དང་ ཆུ་ཡང་གཙང་སྦྲའི་ཐོག་ལས་ ལག་ལེན་འཐབ་དགོ་ཟེར་ སླབ་ཨིན་པའི་གནས་ཚུལ།
སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment