གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐྱེན་ངན་འཛིན་སྐྱོང་ག་དེ་སྦེ་འབདཝ་ཨིན་ན?

༣/༡/༢༠༡༣   ༉ སློབ་གྲྭ་ཚུ་ནང་ རང་བཞིན་གྱི་རྐྱེན་ངན་ཚུ་ བྱུང་བའི་སྐབས་ལུ་ གློ་བུར་གྱི་ གྲོགས་རམ་དང་ ཆ་རོགས་ཚུ་ མ་ཐོབ་པའི་སྔོན་ལས་ གདོང་ལེན་དང་ གྲ་སྒྲིག་ཚུ་འབད་ཐབས་ལུ་དམིགས་ཏེ་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མའི་ནང་སྦེ་ རྫོང་ཁག་ནང་འཁོད་ཀྱི་ སློབ་གྲྭ་ཁག་གི་ སློབ་གྲྭའི་སློབ་དཔོན་དང་ དབུ་འཛིན་ཚུ་ལུ་ ཉིན་གྲངས་༦ གི་རིང་ རྐྱེན་ངན་གྱི་ གྲ་སྒྲིག་སྦྱོང་བརྡར་ཅིག་ འགོ་འདྲེན་འཐབ་ཅི།
སྤྱི་ཟླ་༡ པའི་ཚེས་༡ ལུ་མཇུག་བསྡུ་མི་ རྐྱེན་ངན་འཛིན་སྐྱོང་གི་ སྦྱོང་བརྡར་ལས་རིམ་ འགོ་འདྲེན་འཐབ་པའི་བསྒང་།


སྦྱོང་བརྡར་གྱི་སྐབས་ལུ་ བཅའ་མར་གཏོགས་མི་ཚུ་གིས་ རང་བཞིན་གྱི་ རྐྱེན་ངན་ཚུ་ མ་འབྱུང་པའི་སྔོན་ལས་ གདོང་ལེན་འབད་ཐབས་དང་ བྱུང་བའི་སྐབས་ལུ་ ཆ་རོགས་དང་ སྲོག་སྐྱབས་འབད་ཐངས་ཚུ་གི་སྐོར་ལས་ སྦྱང་བ་འབད་ཡོདཔ་མ་ཚད་ རང་སོའི་སློབ་གྲྭ་ཚུ་ནང་ རང་བཞིན་གྱི་རྐྱེན་ངན་ཚུ་ ག་ཅི་བཟུམ་འབྱུང་ནིའི་ ཉེན་ཁ་ཡོད་ལུགས་ཀྱི་སྐོར་ལས་ གྲ་སྒྲིག་གི་དེབ་ཚུ་ བཟོ་དགོ་པའི་སྐོར་ལས་ སྦྱོང་བརྡར་ཚུ་སྤྲོད་ནུག།
དེ་མ་ཚད་ རང་སོའི་སྡོད་གནས་ཀྱི་ སློབ་གྲྭའི་གནས་སྟངས་དང་ མཐའ་འཁོར་ལུ་ཡོད་པའི་ ཞིག་ཉེན་ཆེ་བའི་ཅ་ཆས་དང་ བུད་འོང་ནིའི་ཉེན་ཁ་ཡོད་པའི་ཅ་ཆས་ དེ་ལས་ རྐྱེན་ངན་གྱི་སྐབས་ལུ་ ཐོན་སྒོ་ངོས་འཛིན་ལ་སོགས་པ་ཚུ་ཡང་ སྔོན་ལས་ལེགས་ཤོམ་འབད་ལྟ་དགོཔ་ཡོད་ལུགས་ཀྱི་ ཤེས་ཡོན་ཚུ་ སྤྲོད་ནུག།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ ན་རང་སློབ་གྲྭ་ཆུང་བའི་ དབུ་འཛིན་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ དེ་བཟུམ་གྱི་ སྦྱོང་བརྡར་ལས་རིམ་དེ་ མི་ཚེའི་ནང་ ཁག་ཆེ་ནི་ཨིན་མི་དེ་ཡང་ དཔེ་འབད་བ་ཅིན་ སྤྱི་ལོ་༢༠༠༩ ལུ་ རྒེད་འོག་དེ་ནང་ ས་ཡོམ་གྱི་ འཇིགས་པ་བྱུང་མི་བཟུམ་ གློ་བུར་དུ་ ཆ་རོགས་འབད་དགོཔ་ལེ་ཤ་ འཐོན་པའི་སྐབས་ལུ་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་ལས་ཕར་ རང་བཞིན་གྱི་ རྐྱེན་ངན་ཚུ་བྱུང་བའི་སྐབས་ལུ་དང་ བྱུང་ཚར་བའི་ཤུལ་ལུ་ གདོང་ལེན་དང་ རྒྱབ་སྐྱོར་ དེ་ལས་ གྲ་སྒྲིག་དང་ འཆར་གཞི་ ཐབས་ཤེས་གནས་སྐབས་ཚུ་ ག་དེ་སྦེ་ བཏོན་དགོཔ་ཨིན་ན་ཚུ་ ཧ་གོ་ཡོདཔ་ལས་ དེ་བཟུམ་གྱི་ སྟབས་མ་བདེཝ་ཚུ་ ཐོན་པའི་སྐབས་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་དང་ གྲ་སྒྲིག་འབད་ཚུགས་ནི་མས་ཟེར་ཨིན་པས།
དེ་མ་ཚད་ དེ་བཟུམ་གྱི་ རྐྱེན་ངན་ཚུ་ བྱུང་བའི་སྐབས་ལུ་ མི་ཚུ་གིས་ སེམས་ཁམས་འཕྲོད་བསྟེན་ལུ་ཡང་ རྒྱབ་སྐྱོར་འབད་དགོཔ་འཐོན་ནི་ཨིནམ་ལས་ ད་ལས་ཕར་ གློ་བུར་དང་འབྲེལ་བའི་ ཆ་རོགས་ཚུ་ ནམ་ར་དགོ་རུང་ བྱིན་ཚུགས་ནི་ཨིནམ་མ་ཚད་ སེམས་ཁམས་འཕྲོད་བསྟེན་དེ་ཡང་ སྔར་བཞིན་གནས་ཐབས་ལུ་ ཆ་རོགས་ཚུ་འབད་ཚུགས་ཟེར་ཨིནམད་ ཧེ་མ་འབད་བ་ཅིན་ དེ་བཟུམ་གྱི་ཆ་རོགས་ཅིག་ འབད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ ད་ལས་ཕར་ སློབ་གྲྭ་ནང་གི་ སློབ་ཕྲུག་ཚུ་ལུ་མ་ཚད་ གཡུས་མི་ཚུ་ལུ་ཡང་ རྐྱེན་ངན་གྲ་སྒྲིག་འབད་ཐང་ཚུ་གི་སྐོར་ལས་ སྟོན་བྱིན་ནི་ཟེར་ཨིནམ་ད་ ན་རང་བཟུམ་ཅིག་གི་ ས་ཁོངས་ནང་འབད་བ་ཅིན་ ས་ཡོམ་རྐྱངམ་གཅིག་གི་ གྲ་སྒྲིག་མེན་པར་ རླུང་འཚུབས་དང་ མེ་རྐྱེན་ཚུ་ལས་ གྲ་སྒྲིག་འབད་དགོཔ་ཡོད་ཟེར་སླབ་ཨིན་པས།
དེ་བཟུམ་སྦེ་ མོང་སྒར་རྫོང་ཁག་ དྭགས་ས་སློབ་གྲྭ་ཆུང་བའི་སློབ་དཔོན་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ རང་བཞིན་གྱི་རྐྱེན་ངན་ཚུ་གི་ གདོང་ལེན་དང་ གྲ་སྒྲིག་འབད་ནིའི་ སྦྱོང་བརྡར་དེ་ མེད་ཐབས་མེདཔ་ཅིག་ ཚོར་མི་དེ་ཡང་ ན་ཧིང་ ཁོ་རའི་སློབ་གྲྭ་ནང་ རང་བཞིན་གྱི་ རྐྱེན་ངན་རླུང་འཚུབས་ལས་བརྟེན་ སློབ་གྲྭའི་ཁྱིམ་ཐོག་ཚུ་རླུང་གིས་ འཕྱགས་འབག་ཡོདཔ་ལས་ དེ་བསྒང་ ཐབས་ཤེས་གནས་སྐབས་ཅིག་ ད་རེས་ སྦྱོང་བརྡར་འབད་དོ་བཟུམ་ཅིག་མེདཔ་ལས་ ག་ནི་ཡང་ འབད་ཐབས་མ་བྱུང་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ སླབ་མིའི་ནང་ དྭགས་ས་སློབ་གྲྭ་དེ་ རླུང་འཚུབས་ཀྱི་ ཉེན་ཁ་ཆེ་དོ་ཡོདཔ་ལས་ མེ་དང་རླུང་གི་འཇིགས་པ་ལས་གདོང་ལེན་གྱི་ གྲ་སྒྲིག་འབད་དགོཔ་ཡོདཔ་ལས་ སྦྱོང་བརྡར་འབད་ཚར་མི་དེ་གིས་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་སྤེལ་ཏེ་ རང་བཞིན་གྱི་རྐྱེན་ངན་ཚུ་ལས་ འཇིགས་སྐྱོབ་འབད་ནི་ཟེར་ཨིན་པས།
མོང་སྒར་ བཟང་ལེན་སློབ་གྲྭ་ཆུང་བའི་སློབ་དཔོན་ པདྨ་རྒྱལ་མཚན་གྱིས་འབད་རུང་ ད་ལྟོ་ཚུན་ དེ་བཟུམ་གྱི་ སྦྱོང་བརྡར་ཅིག་མེདཔ་ལས་ སློབ་ཕྲུག་ཚུ་དང་གཅིག་ཁར་ དེ་སྦེ་ར་སྡོད་ཅི་ཟེར་ཨིནམ་ད་ སྦྱོང་བརྡར་དེ་མེད་པ་ཅིན་ རང་གི་སྲོག་ལུ་ཉེན་ཁ་སྦོམ་ཡོད་ལུགས་ཚུ་ ཤེས་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ དཔེ་འབད་བ་ཅིན་ མི་ག་གིས་འབད་རུང་ གཟེངས་ཐོན་རྟགས་མ་ཐོབ་མི་ ཀོང་བུ་ཚུ་ཡང་ རང་སོའི་ཡིག་ཚང་ནང་ མགུ་ཏོ་གི་ལྟག་ལུ་བཞག་དོ་ཡོདཔ་ལས་ རྐྱེན་ངན་ཚུ་འབྱུང་པ་ཅིན་ དེ་གིས་ རང་གི་མགུ་ཏོ་གུ་ཕོག་ནི་ཨིནམ་ལས་ ད་ལས་ཕར་ དེ་བཟུམ་གྱི་ གནས་སྟངས་ཧ་གོ་ཞིནམ་ལས་ གནོད་རྐྱེན་ལས་ ཟུར་ཐབས་འབད་ནི་ཚུ་ སློབ་ཕྲུག་ཚུ་ལུ་སྤྲོད་དེ་ ཕམ་སྤུན་ཆ་ དེ་ལས་ ལྟ་ལྟོ་ཚང་ཚུ་ལུ་ཡང་ བཤད་དེ་བྱིན་དགོཔ་འདུག་ཟེར་ཨིན་པས།
ཤེས་རིག་ལྷན་ཁག་འོག་གི་ སློབ་གྲྭའི་ རྐྱེན་ངན་ཤེས་ཡོན་ལས་ཁུངས་ལས་ སྦྱོང་བརྡར་བྱིན་མི་ གཡང་ཀྲི་རྡོ་རྗེ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་སྦྱོང་བརྡར་དེ་ སློབ་གྲྭའི་སློབ་དཔོན་དང་ དབུ་འཛིན་ཚུ་ལུ་ བྱིན་དགོ་མི་དེ་ཡང་ ཁོང་རའི་ སློབ་གྲྭའི་ས་ཁོངས་ཀྱི་ གནས་སྟངས་དང་འཁྲིལ་ ད་ལས་ཕར་ རང་བཞིན་གྱི་ རྐྱེན་ངན་ཚུ་མ་འབྱུང་བའི་སྔོན་ལས་ དེའི་གདོང་ལེན་དང་ བྱུང་ཚར་བའི་ཤུལ་ལུ་ གྲོགས་རམ་དང་ ཆ་རོགས་ཚུ་འབད་ཐབས་ལུ་ཨིན་ཟེར་ཨིན་པས།
སྦྱོང་བརྡར་དེ་ཡང་ ཨེ་ཤེ་ཡཱན་གོང་འཕེལ་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་དང་ ཤེས་རིག་ལྷན་ཁག་གི་ སློབ་གྲྭའི་རྐྱེན་ངན་ཤེས་ཡོན་ལས་ཁུངས་མཉམ་རུབ་ཐོག་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ སྦྱོང་བརྡར་དེ་ནང་ སློབ་དཔོན་དང་ དབུ་འཛིན་ཡོངས་བསྡོམས་༦༢ ཀྱིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment