གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟོ་རིག་ལག་རྩལ་ལུ་བརྟེན་ སློབ་གྲྭའི་ཟད་འགྲོ་བཟོ་དོ་ཡོདཔ།

༣/༡/༢༠༡༣    ༉ གནམ་དགུན་ སློབ་གྲྭའི་ངལ་གསོ་སྐབས་ལུ་ སློབ་ཕྲུག་ཚུ་གིས་ རང་སོའི་ལྕོགས་གྲུབ་དང་འཁྲིལ་ ལཱ་དང་ ལས་རིམ་སྣ་ཚོགས་ཚུ་ནང་ འབྲེལ་གཏོགས་འབད་དེ་ དགུན་གྱི་ངལ་གསོ་ལས་ ལོག་སློབ་གྲྭ་ནང་འགྱོ་ནིའི་དོན་ལུ་ ཟད་འགྲོ་ཚུ་ བཟོ་སར་མཐོངམ་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ འབགཔ་བཟོ་བའི་བསྒང་།


དེ་ཡང་ མོང་སྒར་རྫོག་ཁག་ སྐྱེངས་མཁར་རྒེད་འོག་ལས་ཨིན་མི་ སྐྱེས་ལོ་༡༩ ལང་མི་ བསོད་ནམས་རྡོ་རྗེ་གིས་ གནམ་དགུན་གྱི་ངལ་འཚོ་སྐབས་ལུ་ དུས་ཡུན་ཐུང་ཀུ་ཅིག་ཡང་ འཕྲོ་བརླག་མ་བཏང་པར་ དོན་སྨིན་ཅན་ཅིག་སྦེ་ དུས་ཡུན་ཟླཝ་༢ ནང་ ཉིནམ་༡ ར་མ་ཆད་པར་ སྟག་སེང་འཁྱུང་འབྲུག་གི་ ཞལ་འབགཔ་ཚུ་བཟོ་ཐོག་ལས་ དངུལ་གྱི་ འོང་འབབ་བཟོ་དོ་ཡོདཔ་ཨིན་པས།
བསོད་ནམས་རྡོ་རྗེ་ཁོ་ར་ སྐྱེངས་མཁར་རྒེད་འོག་ལས་ཨིན་རུང་ ད་རེས་ནངས་པ་ མོང་སྒར་ ཆ་གླིང་གཡུས་མཇུག་ལུ་ འབགཔ་ཚུ་བཟོ་སྡོད་སར་མཐོང་མི་དེ་ཡང་ ཁོ་གི་ ཨ་ཁུ་དང་ ཨམ་ཅུམ་དེ་ མོང་སྒར་དང་ ལྷུན་རྩེ་གཞུང་ལམ་གྱི་ རྒྱལ་ཡོངས་ལས་མིའི་ ལཱ་འབད་སྡོད་མི་ཨིནམ་ལས་ ཁོང་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།
བསོད་ནམས་ཀྱིས་ དྲོ་པ་ཨ་རྟག་ར་ མགུ་ཏོ་ཁར་ཞྭམོ་ཅིག་བཙུགས་ཏེ་ ཁོ་ར་སྡོད་སའི་ཁྱིམ་གྱི་སྦོ་ལོགས་ཁར་ གྱིབ་གདན་ཅིག་གུ་སྡོད་ཐོག་ལས་ འབགཔ་བཟོ་ནི་འགོ་བཙུགས་དོ་ཡོདཔ་ད་ ཁོ་གིས་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ལས་འགོ་བཙུགས་ ཕྱི་རུའི་ཆུ་ཚོད་༥ ཚུན་ལཱ་འབད་དོ་ཡོདཔ་ད་ ཁོ་གིས་ འབགཔ་༡ བཟོ་ཚར་ནི་ལུ་ ཉིནམ་༣ དང་༤ དེ་རེ་ འགོརཝ་ཨིན་པས།
ཁོ་གིས་ འབགཔ་བཟོ་ནི་དང་ ལྷ་འབྲི་དེ་ སྐྱེས་ལོ་༩ དེ་ཅིག་ལས་ མོང་སྒར་ སྐྱེངས་མཁར་སློབ་གྲྭ་ཆུང་བའི་ནང་ སློབ་སྦྱོང་འབད་བའི་སྐབས་ལུ་ ཁོ་རའི་སློབ་དཔོན་ཅིག་ལས་ ལྷབ་སྦྱང་འབད་ཡོདཔ་ད་ ད་རེས་ནངས་པ་ ཁོ་རའི་སྤྲོ་བ་ཡང་ ལག་བཟོ་ལུ་འབད་ནི་དེ་གིས་ ན་ཧིང་ སློབ་རིམ་༩ པ་མཐར་འཁྱོལ་བའི་ཤུལ་ལུ་ ད་རེས་བཀྲིས་གཡང་རྩེ་ བཟོ་རིག་བཅུ་གསུམ་སྤེལ་ཁང་ནང་ ལོ་ངོ་༦ གི་ སྦྱོང་བརྡར་ འཇིམ་བཟོའི་སློབ་སྦྱོང་ འབད་དོ་ཡོདཔ་ཨིན་པས།
བསོད་ནམས་ཀྱིས་ སེམས་ཅན་སྣ་ཚོགས་ཀྱི་ཞལ་འབགཔ་ ཁྲོ་བོ་དང་ ཞི་བ་ཚུ་ཡང་ བཟོ་དོ་ཡོད་པའི་གྲས་ལས་ མང་ཤོས་ར་ སྟག་སེང་ཁྱུང་འབྲུག་ཚུ་ བཟོཝ་ཨིནམ་ད་ ད་རེས་ནངས་པ་ ཞི་གཡོགཔ་ཅིག་གིས་ པདྨ་དགའ་ཚལ་གྱི་ ལྷ་ཁང་ཅིག་ནང་ ཞལ་འདེབས་ཕུལ་ནིའི་དོན་ལུ་ མཁོ་མངགས་འབད་མི་དང་འཁྲིལ་ ཤཝ་གི་འབགཔ་ཅིག་ བཟོ་བའི་བསྒང་ ཡོདཔ་ཨིན་པས།
ཁོ་གིས་ གནམ་དགུན་ལཱ་འབད་མི་གིས་ དངུལ་ཀྲམ་༢༠,༠༠༠ དེ་ཅིག་ བཟོ་ཚུགས་དོ་ཡོདཔ་ད་ དེ་ཡང་ འབགཔ་རེ་ལུ་ གོང་ཚད་དངུལ་ཀྲམ་༡,༥༠༠ ལས་༣,༠༠༠ གྱི་བར་ན་ བཙོང་དོ་ཡོདཔ་མ་ཚད་ མཆོད་བཤམ་ཡང་ མཚོན་བཏང་དོ་ཡོདཔ་ལས་ མཆོད་བཤམ་ཅིག་ལུ་ གླ་འཐུས་དངུལ་ཀྲམ་༡༠,༠༠༠ རེ་ལེན་དོ་ཡོདཔ་ཨིན་པས།
བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ འབགཔ་བཟོ་ནི་དེ་ ལཱ་ཁག་ཡོད་མི་དེ་ཡང་ འབགཔ་ཤིང་ འཐོབ་མ་ཚུགས་མི་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ འབགཔ་བཟོ་ནིའི་དོན་ལུ་ ཤར་ཕྱོགས་པའི་ཁ་སྐད་ལས་ རོ་ཤིང་ཟེར་མི་ཤིང་དེ་འཐོབ་ཚུགས་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
ཁོ་གིས་ སེམས་ཅན་ཚུ་གི་གདོང་དེ་ དང་པ་ར་ འབགཔ་ཤིང་གུ་རིས་མོ་བྲིས་ཞིནམ་ལས་ བཟོ་ཆས་ཅིག་གིས་བརྐོ་བའི་བསྒང་ལས་ དུས་ཡུན་ ཆུ་ཚོད་དག་པ་ཅིག་ལུ་ སེམས་ཅན་ཅིག་གི་ གཟུགས་ཀྱི་ཆ་རྣམ་དེ་ ཐོན་དོ་ཡོདཔ་ད་ འབགཔ་བཟོ་ནིའི་དོན་ལུ་ བཟོ་ཆས་ཡང་༣༠ དེ་ཅིག་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འཛམ་གླིང་ནང་གི་སེམས་ཅན་ག་ར་ ཤི་དགོཔ་ལས་བརྟེན་ ཚེ་ད་རེས་ དེ་བཟུམ་གྱི་ ལྷ་བཟོའི་ལཱ་འབད་ཚུགས་པ་ཅིན་ ཚེ་འདི་དང་ཕྱི་མ་གཉིས་ཆ་ར་ལུ་ ཕན་ཐོགས་ཡོདཔ་ལས་བརྟེན་ བཀྲིས་གཡང་རྩེ་བཟོ་རིག་༡༣ སྤེལ་ཁང་ནང་ འཛུལ་བཞུགས་འབད་ཡི་ཟེར་ཨིན་པས།
མ་འོངས་པའི་ནང་ ཁོ་གིས་ ན་གཞོན་ཚུ་ལུ་ བཟོ་རིག་གི་ཤེས་ཡོན་སྤེལ་ནིའི་ མནོ་བསམ་ཡོདཔ་མ་ཚད་ ལྷ་བཟོའི་ཚོང་ཁང་ཅིག་ཡང་ བཙུགས་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment