གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོད་དཔོན་ཡོངས་ཁྱབ་ཀྱིས་ རྩོད་གཞི་ཕྱིར་བཏོན་འབད་མི་ལུ་གདོང་ལེན།

༡༨/༡/༢༠༡༣   ༉ འབྲུག་གི་དུས་ཚོད་ལས་སྡེའི་ (བྷུ་ཏཱན་ཊ་ཡེམསི) བཀོད་ཚོགས་ཀྱི་ འཐུས་མི་ཅིག་གིས་ ཚུལ་མིན་གྱི་སྒོ་ལས་ དངུལ་ཀྲམ་ས་ཡ་༢.༧༩༤ ལྷགཔ་ཅིག་ བདག་བཟུང་སྦེ་བཞག་མིའི་ ཉེས་རྩོད་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕྱིར་བཏོན་འབད་མི་དེ་ལུ་ ལས་སྡེའི་བཀོད་ཚོགས་མདོ་ཆེན་དང་ བགོ་བཤའ་འཆང་མི་ཚུ་གིས་ གདོང་ལེན་སྒྲིང་སྒྲིང་འབདཝ་ཨིན་པས།


དེ་ཡང་ བདུན་ཕྲག་ཧེ་མའི་ནང་ ལས་སྡེའི་ཁྲི་འཛིན་ ཨྱོན་ཚེ་ཁྱབ་རྡོ་རྗེ་གིས་ རྩོད་དཔོན་ཡོངས་ཁྱབ་ལུ་ ཉེས་རྩོད་ཕྱིར་བཏོན་འབད་མི་དེ་ ལོག་རྩོད་བཤེར་འབད་གནང་དགོ་པའི་ ཡིག་ཐོག་ལུ་ ཞུ་བ་འབདཝ་དང་གཅིག་ཁར་ བཀོད་ཚོགས་འཐུས་མི་ སངས་རྒྱས་ལུ་ མ་དངུལ་ལྐོག་ཟ་དང་ བློ་གཏད་མེདཔ་བཟོ་བའི་ ཉེས་རྩོད་ཀྱི་ ཉེས་འཛུགས་ཐོག་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་བའི་བར་ན་ ཕྱིར་བཏོན་འབད་མི་དེ་ རྒྱུ་རྐྱེན་ག་ཅི་ཨིན་ན་ཟེར་ དྲི་བཀོད་ཚུ་ཡང་འབད་ནུག།
ཞུ་ཡིག་དེ་ཡང་ ལས་སྡེའི་ཁྲི་འཛིན་ ཨྱོན་ཚེ་ཁྱབ་རྡོ་རྗེའི་ ངོ་ཚབ་ལུ་ ཁྲི་འཛིན་གསརཔ་ ཕུརཔ་བཟངམོ་གིས་ མིང་རྟགས་བཀོད་དེ་ སྤྱི་ཟླ་༡ པའི་ཚེས་༧ ལུ་ རྩོད་དཔོན་ཡོངས་ཁྱབ་ལུ་ ཕུལ་ཡོདཔ་བཞིན་དུ་ ད་ལྟོ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༢༢ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་ལུ་ རྩོད་གཞི་ཕྱིར་བཏོན་གྱི་ ཞུ་ཡིག་བཙུགས་མི་དེ་ནང་ ཉེས་འཛུགས་ཀྱི་ ལན་ཕུལ་ཡོད་མི་ གནད་དོན་ཚུ་ དབྱེ་དཔྱད་འབད་བའི་སྐབས་ རྩོད་གཞི་དེ་ནང་ དངུལ་སླར་སྤྲོད་འབད་ནི་དེ་ ལས་སྡེའི་ནང་འཁོད་ཀྱི་ བདག་སྐྱོང་དང་འབྲེལ་བའི་ གནད་དོན་ཅིག་ཨིནམ་མ་ཚད་ གཞན་ཡང་ ཁོང་རའི་ཚོང་སྡེའི་ནང་འཁོད་ཀྱི་ སྟབས་བདེ་སྡུག་གི་ ཉོགས་བཤད་ལེ་ཤ་ཅིག་ར་ ཚུད་དེ་ཡོདཔ་ལས་ འདི་བཟུམ་མའི་ གནད་དོན་འདི་ ཞི་རྩོད་དང་འབྲེལ་བའི་ རྩོད་ཉོགས་ཅིག་ཨིནམ་བཞིན་དུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་གཞི་འདི་ནང་ བཅའ་མར་གཏོགས་དགོ་པའི་ འོས་འབབ་ཅིག་མིན་འདུག་ཟེར་བཀོད་ནུག།
འདི་འབདཝ་ལས་ དྲང་ཁྲིམས་ཀྱི་ དམིགས་དོན་ཚུ་ འགྲུབ་ཐབས་ལུ་ འབྲུག་གི་རྩོད་དཔོན་ཡོངས་ཁྱབ་ཀྱི་ བཅའ་ཁྲིམས་དང་འཁྲིལ་ རྩོད་གཞི་ཕྱིར་བཏོན་འབད་ནི་ཨིནམ་ལས་ ཁྲིམས་ཀྱི་འདུན་ས་ལས་འབད་རུང་ ངོས་ལེན་མཛད་གནང་ཟེར་ ཞུཝ་བཞིན་དུ་ ཁྲིམས་འདུན་གྱིས་ཡང་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ གསོལ་ཞུ་འབད་མི་དང་འཁྲིལ་ སྤྱི་ཟླ་༡༡ པའི་ཚེས་༢༣ ལུ་ ཉེས་རྩོད་ཀྱི་ རྩོད་བཤེར་ཕྱིར་བཏོན་གྱི་ བཀའ་རྒྱ་བཏོན་ཡོདཔ་ཨིན་པས།
ད་རུང་ ཉེས་རྩོད་དེ་ ཁྲིམས་སྲུང་འགག་པ་བརྒྱུད་དེ་ བཙུགས་ནི་དེ་གིས་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་ལུ་ རྩོད་གཞི་དེ་ སྒེར་མི་དང་ སྒེར་སྡེའི་བར་ན་བྱུང་པའི་ ཞི་རྩོད་ཅིག་ཨིནམ་ལས་ ཉེས་བཤེར་ཕྱིར་བཏོན་འབད་ཡོད་པའི་སྐོར་ ཡི་གུ་ཅིག་བཏང་ནུག།
ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་ བཀོད་ཚོགས་མདོ་ཆེན་གྱིས་ ལས་སྡེའི་མ་དངུལ་༢༧,༩༤,༦༩༨ ཁྲིམས་འགལ་ཐོག་ བདག་བཟུང་འབད་ བཞག་མིའི་སྐོར་ལས་ ཞིབ་དཔྱད་རྐྱབ་ད་ ཉེས་བཤེར་འབད་ནི་གི་ འོས་ཁུངས་ཡོད་པའི་ མངོན་གསལ་བྱུང་མི་དང་འཁྲིལ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་བའི་བར་ན་ལས་ ཕྱིར་བཏོན་འབད་མི་ལུ་ལྟ་སྟེ་ མདོ་ཆེན་བཀོད་ཚོགས་ཀྱི་ འཐུས་མི་དང་ བགོ་བཤའ་འཆང་མི་ཚུ་ལུ་ སེམས་ཕམ་བྱུང་ཡོདཔ་མ་ཚད་ རྣམ་རྟོག་ཡང་ ལང་ཡི་ཟེར་ རྩོད་དཔོན་ཡོངས་ཁྱབ་ལུ་ཕུལ་མི་ ལས་སྡེའི་ཞུ་ཡིག་ནང་ གསལ་བཀོད་འབད་ནུག།
ཁོང་གིས་འབད་བ་ཅིན་ གལ་སྲིད་ རྩོད་དོན་དེ་ ཞི་རྩོད་ཨིན་པ་ཅིན་ སངས་རྒྱས་ལུ་ ཁྲིམས་ཀྱི་འདུན་སར་ ཁྲིམས་འགལ་གྱི་ ཉེས་འཛུགས་མ་འབད་བའི་ཧེ་མར་ གྲོས་བསྡུར་འབད་ཞིནམ་ལས་ ཉམས་རྒུད་པ་ཚུ་ལུ་ ཞི་རྩོད་ཐོག་ ཏི་རུ་སླར་ལོག་ལེན་དགོཔ་སྦེ་ སླབ་ཡོད་པ་ཅིན་ དེ་དང་འཁྲིལ་ ངོས་ལེན་འབད་འབདཝ་འོང་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ སངས་རྒྱས་ལུ་ འབྲུག་གི་དངུལ་ཁང་ནང་ ལས་སྡེའི་རྩིས་ཁྲ་ནང་ལས་ དངུལ་ཀྲམ་ས་ཡ་༣.༥ བཏོན་ཏེ་ འབྲུག་པི་ཨེན་བི་དངུལ་ཁང་ནང་ བཙུགས་དགོ་པའི་ འགན་འཁྲི་བཀལ་ཡོདཔ་ཨིན་རུང་ ཁོ་གིས་ དངུལ་ཁང་ནང་ དངུལ་ཀྲམ་༧༠༥,༣༠༢ རྐྱངམ་གཅིག་ བཙུགས་ཐོག་ལས་ ལྷག་ལུས་དངུལ་ཀྲམ་༢༧,༩༤,༦༩༨ ག་ལུ་ཡང་ གྲོས་བསྟུན་མེད་པར་ བདག་བཟུང་འབད་བཞག་ནུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁོ་ལུ་ ལྐོག་ཟ་དང་ བློ་གཏད་མེདཔ་བཟོ་བའི་ ཉེས་འཛུགས་ཐོག་ ཁྲིམས་འདུན་ལུ་ ཉེས་བཤེར་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ སངས་རྒྱས་ཀྱིས་ བརྒལ་ལན་ཕུལ་མིའི་ནང་ གནད་དོན་དེ་ ཞི་རྩོད་དང་འབྲེལ་བའི་ རྩོད་རྙོགས་ཨིནམ་ལས་ མི་ངོ་ཅིག་དང་ སྒེར་གྱི་ལས་སྡེའི་བར་ན་ རྩོད་གཞི་ཕྱེ་དགོ་པའི་ གནད་དོན་ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ཁྲིམས་སྲུང་འགག་སྡེ་༢ དེ་ནང་ འབྲེལ་གཏོགས་འབད་དགོ་པའི་ ཁྱབ་དབང་མེད་ཟེར་ཨིན་པས།
ཁོ་གིས་ ལས་སྡེའི་མ་དངུལ་བདག་བཟུང་འབད་ བཞག་མི་དེ་ བྱ་སྒོའི་རིམ་པ་དང་འཁྲིལ་ཏེ་འབད་བའི་ ཁྲིམས་མཐུན་ལག་ལེན་ཅིག་ཨིནམ་ལས་ ཚུལ་མིན་འབད་འབདཝ་ ག་ནི་ཡང་མེད་ཟེར་ སླབ་མི་དེ་ཡང་ ལས་སྡེའི་ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ཐེངས་༣ པ་དང་ ཐེངས་༥ པའི་གྲོས་བཅུད་དང་འཁྲིལ་ ལས་སྡེ་གིས་ བགོ་བཤའ་ཚུ་ སླར་ལོག་ཉོ་ནི་གི་ ལམ་ལུགས་ཡོད་མི་ལྟར་དུ་ ཁོ་དང་ ཁོ་རའི་བཟའ་ཚང་གི་ བགོ་བཤའ་ཚུ་ རྩིས་སྤྲོད་དེ་ དངུལ་ཀྲམ་༢༧,༩༤,༦༩༨ ཁོ་གིས་ འབག་ཡོདཔ་སྦེ་ ཡི་གུ་ཅིག་ འབྲུག་གི་དུས་ཚོད་ལས་སྡེའི་ དངུལ་རྩིས་འཛིན་སྐྱོང་པ་ལུ་ སྤྲོད་ཅི་ཟེར་ སླབ་ཨིན་པས།
ཨིན་རུང་ བཀོད་ཚོགས་ཀྱི་ འཐུས་མི་དང་ མ་རྩ་བཙུགས་མི་ཚུ་གིས་འབད་བ་ཅིན་ ཉེས་འཛུགས་ཅན་གྱི་ བགོ་བཤའ་ཚུ་ ཚོང་སྡེ་གིས་ ལོག་ཉོ་ནི་གི་ ཁ་བཟེད་བཟེདཔ་མེདཔ་ལས་ དེ་གི་སྒྲུབ་བྱེད་ཚུ་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ཀྱི་ གྲོས་ཆོད་ཚུ་ནང་ལས་ ཧ་གོ་ཚུགས་ཟེར་ཨིནམ་ད་ གལ་སྲིད་ ལས་སྡེ་གིས་ ཁོ་གི་ བགོ་བཤའ་ཚུ་ ལོག་ཉོ་ནི་གི་ ཁ་བཟེད་དེ་འབད་རུང་ ཁྲིམས་ཀྱི་བྱ་རིམ་དང་འཁྲིལ་ འབད་དགོ་ཟེར་ཨིན་པས།
ཁོ་གིས་ འདི་བཟུམ་མའི་ ལམ་ལུགས་དང་འཁྲིལ་ ལཱ་མ་འབད་མི་དང་ ཁོ་གི་ བགོ་བཤའ་ཚུ་ ལས་སྡེ་ལུ་ ལོག་བཙོངམ་ཨིན་ཟེར་ སླབ་ཐོག་ལས་ བགོ་བཤའ་འཆང་མི་༣༠༠ ལྷགཔ་ཅིག་གི་ མ་དངུལ་འཕྲོག་བཅོམ་འབད་མི་དེ་ ཁྲིམས་འགལ་སྦོམ་ཅིག་ཨིན་ཟེར་ བཀོད་ཚོགས་ཀྱི་ འཐུས་མི་ཅིག་གིས་ སླབ་ཨིན་པས།
སངས་རྒྱས་ཀྱིས་ སླབ་མིའི་ནང་ འབྲུག་གི་དུས་ཚོད་ལས་སྡེའི་ གནས་སྐབས་ཅིག་གི་ འཛིན་སྐྱོང་མདོ་ཆེན་ཡང་ཨིན་མི་ དངུལ་རྩིས་འཛིན་སྐྱོང་པ་ ནར་བྷ་དུར་ག་ལེགས་ཀྱིས་ ཁོ་དང་ ཁོ་རའི་བཟའ་ཚང་གི་ མིང་ཐོག་ཁར་ བགོ་བཤའ་༢༧,༣༩༩ ཡོད་མི་དེ་ ལས་སྡེ་གིས་ ལོག་ཉོ་བའི་རིན་དང་ འབྱུང་ཁུངས་ལས་བཏོག་པའི་ཁྲལ་ཚུ་ རྩིས་རྐྱབ་སྟེ་ མ་དངུལ་འཛིན་གྲོལ་ འབད་ཡི་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་༢ པའི་ནང་ འབྲུག་གི་དུས་ཚོད་ལས་སྡེའི་ འཛིན་སྐྱོང་གིས་ ལས་སྡེ་གཞི་བཙུགས་འབད་མི་ བསྟན་འཛིན་རིག་ལྡན་གྱི་ བགོ་བཤའ་༤༠,༠༠༠ ལོག་ཉོ་ཐོག་ལས་ འཛིན་སྐྱོང་ལུ་ སྤྲོད་དགོཔ་ཡོད་མི་ དངུལ་ཀྲམ་ས་ཡ་༤ དང་ བདེ་སྒྲིག་བཟོ་ནི་གི་ གོ་སྐབས་བྱིན་ཡི་ཟེར་ཨིན་པས།
ངེ་གི་བཟའ་ཚང་གི་ བགོ་བཤའ་དང་ བསྟན་འཛིན་རིག་ལྡན་གྱི་ བགོ་བཤའ་ཚུ་ ཚོང་སྡེ་གིས་ ལོག་ཉོ་ནིའི་དོན་ལུ་ སྤྱི་ལོ་༢༠༡༠ ཟླཝ་༥ པའི་ཚེས་༢༨ དང་༢༩ ལུ་འཚོགས་མི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ཐེངས་༣ པའི་ནང་ གྲོས་བསྡུར་འབད་དེ་ གནང་བ་གྲུབ་ཡོདཔ་ཨིན་རུང་ གནད་དོན་སྣ་ཚོགས་ལུ་བརྟེན་ འཛིན་སྐྱོང་གིས་ སྤྱི་ལོ་༢༠༡༢ ལུ་རྐྱངམ་གཅིག་ ལག་ལེན་འཐབ་ཚུགས་ཅི་ཟེར་ སངས་རྒྱས་ཀྱིས་ སླབ་ཨིན་པས།
དངུལ་སྤྲོད་ལེན་ཚུ་ སྤྱིར་བཏང་གིས་ ངོས་ལེན་འབད་བའི་ ལམ་ལུགས་དང་འཁྲིལ་ ལག་ལེན་འཐབ་ཡོད་པའི་ སྒྲུབ་བྱེད་ཚུ་ མངོན་གསལ་ཆེཝ་སྦེ་ཡོད་རུང་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་དང་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ལས་སྡེའི་ཁྲི་འཛིན་ ཨྱོན་ཚེ་ཁྱབ་རྡོ་རྗེ་གིས་ རྒྱབ་བཟུང་སྟེ་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་ཡོདཔ་བཟོ་ཐོག་ལས་ ཁྲིམས་སར་བསྐྱལ་མི་དེ་ ངོ་ཚ་ནི་དང་ ཞེན་ལོག་སྐྱེ་ནི་གི་ གཞི་གནད་ཅིག་ཨིན་པས་ཟེར་ སངས་རྒྱས་ཀྱིས་ སླབ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག

No comments:

Post a Comment